ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ཀྱི་ཇུས་གཞི(2019ལོ་ནས་2021ལོ་བར)》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ཀྱི་ཇུས་གཞི(2019ལོ་ནས2021ལོ་བར)》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《ཇུས་གཞིའི》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། ལས་རིགས་རྩལ་ནུས་གསོ་སྦྱོང་དེ་ལས་ཞུགས་བརྟན་པོ་རྒྱུན་མཐུད་ཡོང་བ་དང་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་ཞི་ལྷོད་དུ་གཏོང་བའི་འགག་རྩའི་བྱ་ཐབས་སུ་བརྩི་བ་དང་། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གཙོ་བོར་བརྩིས་ཐོག དགོས་མཁོའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མི་དམངས་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ཀྱི་དགོས་མཁོ་དང་འཚམ་པ། ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པའི་ལམ་ལུགས་ཁྱབ་གདལ་ཤུགས་ཆེན་གཏོང་བ། ལས་བཟོ་དང་། ལས་ཞུགས་ཀྱི་གཙོ་གནད་ཚོགས་སྤྱི། ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་ངལ་རྩོལ་ནུས་ཤུགས་སོགས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིགས་ཁག་གི་ངལ་རྩོལ་པར་ཕྱོགས་པ། གཞི་ཁྱོན་ཆེ་བའི་སྒོ་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་བ་བཅས་བྱས་ཏེ་ཤེས་བྱའི་རྣམ་པ་དང་། རྩལ་ནུས་ཀྱི་རྣམ་པ། གསར་གཏོད་རྣམ་པ་བཅས་ཀྱི་ངལ་རྩོལ་པའི་དཔུང་ཁག་ཆེ་མོ་ཞིག་གང་མགྱོགས་འཛུགས་སྐྱོང་བྱེད་དགོས་ཞེས་བསྟན་ཡོད།

《ཇུས་གཞིའི》ནང་2019ལོ་ནས2021ལོ་བར་ལས་རིགས་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་མཐོ་རུ་བཏང་ནས། ངལ་རྩོལ་པའི་ལས་རིགས་རྩལ་ནུས་ཀྱི་ཆུ་ཚད་དང་ལས་ཞུགས་ལས་གཏོད་ཀྱི་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། ལོ་གསུམ་གྱི་ནང་རིགས་ཁག་གི་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་མི་ཐེངས་ཁྲི5000ཡན་ལ་གསོ་སྦྱོང་བྱེད་དགོས་པ་དེའི་ནང2019ལོར་མི་ཐེངས་ཁྲི1500ཡན་ལ་གསོ་སྦྱོང་བྱེད་དགོས་པ་དང་། 2021ལོའི་ལོ་མཇུག་ཏུ་སླེབས་སྐབས་རྩལ་ནུས་ངལ་རྩོལ་པས་ལས་ཞུགས་མི་སྣའི་བསྡོམས་འབོར་གྱི་བསྡུར་ཚད25%ཡན་བཟུང་བ་དང་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣས་རྩལ་ནུས་ངལ་རྩོལ་པའི་བསྡུར་ཚད་ཀྱི30%ཡན་བཟུང་དགོས་ཞེས་ཁ་གསལ་འཁོད་ཡོད།

《ཇུས་གཞིའི》ནང་ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ལག་ལེན་བསྟར་བའི་སྲིད་ཇུས་དང་བྱ་ཐབས་བཏོན་ཡོད་པ་སྟེ། གཅིག་ནས་ལས་བཟོ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་སའི་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་དགོས་ཤིང་། ཁེ་ལས་ཀྱི་ལས་བཟོའི་རྩལ་ནུས་མཐོར་གཏོང་དང་ལས་སྒྱུར་གསོ་སྦྱོང་ཤུགས་ཆེན་བྱས་ནས་ལས་ཞུགས་གཙོ་གནད་ཚོགས་སྤྱིར་ལས་རིགས་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་དང་ལས་གཏོད་གསོ་སྦྱོང་བྱས་ཐོག་དཀའ་ངལ་ཡོད་པའི་ངལ་རྩོལ་པ་དང་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་ལ་རྩལ་ནུས་གསོ་སྦྱོང་བྱེད་པའི་དབུལ་སྐྱོར་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་གསོ་སྦྱོང་བྱེད་པོའི་ཧུར་བརྩོན་རང་བཞིན་འཕེལ་བ་བྱས་ཏེ་གསོ་སྦྱོང་གི་མཁོ་སྤྲོད་ཆེ་རུ་ནུས་ལྡན་གཏོང་དགོས་ཤིང་། ཁེ་ལས་ཀྱིས་ལས་རིགས་རྩལ་ནུས་གསོ་སྦྱོང་གཉེར་བར་རྒྱབ་སྐྱོར་བྱེད་པ་དང་། ལས་རིགས་སློབ་གླིང་གིས་ལས་བཟོ་དང་། ལས་ཞུགས་གཙོ་གནད་ཚོགས་སྤྱི། དཀའ་ངལ་ཡོད་པའི་ངལ་རྩོལ་པར་ཕྱོགས་པའི་གསོ་སྦྱོང་གཞི་ཁྱོན་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་གསོ་སྦྱོང་དང་གདེང་འཇོག་སྒྲིག་གཞིས་ལས་རིགས་རྩལ་ནུས་གསོ་སྦྱོང་དང་གདེང་འཇོག་བྱེད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ། གསོ་སྦྱོང་གི་ནང་དོན་གསར་གཏོད་བཅས་བྱས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། གསུམ་ནས་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ་སྲིད་གཞུང་གི་ཁྲིད་སྟོན་དང་ལྕག་སྐུལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། ས་གནས་ཀྱིས་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྲིད་ཇུས་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་བཞིན་མ་དངུལ་ལ་ལྟ་འདོམས་བྱེད་པ་དང་འབྲེལ། དུས་བཀག་ལྟར་སྤྱི་ཚོགས་ལ་མ་དངུལ་སྤྱོད་ཚུལ་ཡོངས་བསྒྲགས་བཅས་བྱས་ནས་ལས་རིགས་གསོ་སྦྱོང་གི་ཁ་གསབ་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་བཅས་འཁོད་ཡོད།

《ཇུས་གཞིའི》ནང་ས་གནས་རིམ་ཁག་སྲིད་གཞུང་གིས་ལས་རིགས་རྩལ་ནུས་མཐོར་གཏོང་གི་བྱ་སྤྱོད་དེ་དམངས་གཙོའི་འདུ་འགོད་གལ་ཆེན་དུ་བརྩིས་ནས་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་དགོས་ཤིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས་པ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་ལས་དོན་གྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གསོ་སྦྱོང་གི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ལས་རིགས་རྩལ་ནུས་གསོ་སྦྱོང་དང་གདེང་འཇོག་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། བཟོ་བོའི་སྙིང་སྟོབས་དར་སྤེལ་དང་སྐྱེད་སྲིང་ཤུགས་ཆེན་བྱས་ནས་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་ནན་བཤད་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།