ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཚན8ཀྱིས“དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བརྡ་ཐོ་བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། སློབ་གསོ་པུའུ། དམངས་སྲིད་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་སྡེ་ཚན8ཀྱིས《2019ལོའི་རྒྱལ་སྤྱིའི“དྲུག་གཅིག”བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་སྐོར་གྱི་མཉམ་འབྲེལ་བརྡ་ཐོ》བཀྲམ་ནས་འདི་ལོའི“དྲུག་གཅིག”བྱེད་སྒོར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།

བརྡ་ཐོའི་ནང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ་ལོ་ཆུང་བྱིས་པའི་ཁྲོད་ཏང་གཅེས་རྒྱལ་གཅེས་དང་སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བྱེད་པའི་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་ནས་རྒྱ་ཆེའི་ལོ་ཆུང་བྱིས་པར་མེས་རྒྱལ་གྱི་གཟི་བརྗིད་མཉམ་རོལ་དང་འཚོ་བའི་མཛེས་སྡུག་ཉམས་སུ་མྱོང་དུ་འཇུག་པ་དང་། དུས་རབས་ཀྱི་མི་གསར་སྐྱོང་རྒྱུར་དམིགས་ཏེ་ལོ་ཆུང་བྱིས་པའི་ལུས་སེམས་དང་འཚམ་པའི་ཀུན་སྤྱོད་ལག་ལེན་བྱེད་སྒོ་སྣ་མང་རྒྱ་ཁྱབ་ངང་སྤེལ་བ། ཁྱིམ་བདག་ཚོར་ཡང་དག་པའི་མི་སྐྱོང་ལྟ་བ་དང་ཤེས་ལྡན་པར་འགྱུར་བའི་ལྟ་བ་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཏེ་ཕྲུ་གུ་རྣམས་ཁྱིམ་སྲོལ་བཟང་བའི་ཤུལ་འཛིན་པ་དང་ལག་ལེན་པར་འགྱུར་བ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱིས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སྤྱི་ཚོགས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་བྱིས་པར་དམིགས་བསལ་ལྟ་སྐྱོང་དང་། བྱིས་པར་བརྩི་འཇོག བྱིས་པར་སྲུང་སྐྱོང་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་དར་སྤེལ་གཏོང་དགོས་པ། ས་ཁུལ་དབུལ་པོའི་བྱིས་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ། དབང་སྐྱོན་བྱིས་པ། དཀའ་གནས་སུ་གྱར་བའི་བྱིས་པ་སོགས་དམིགས་བསལ་ཚོགས་སྤྱིར་གཙོ་གནད་ཐོག་དོ་ཁུར་བྱས་ཏེ་ཁོང་ཚོར་བྱ་བ་དངོས་དང་བྱ་བཟང་མང་ཙམ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ལོ་ཆུང་བྱིས་པའི་ཁྲོད་དུ་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། ནང་དོན་ཕུན་སུམ་ཚོགས་པ། བྱེད་ཐབས་སྣ་མང་། སྤེལ་རེས་ཟབ་པ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“དཔེ་དེབ་དྲི་བསུང་ཁྱིམ་ཚང་ཁྲི་ལ་འཐུལ”ཞེས་པའི་རྒྱལ་ཡོངས་ཀྱི་ཁྱིམ་ཚང་དཔེ་ཀློག་རིམ་སྤེལ་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་རྒྱུ་མ་ཟད“དྲུག་གཅིག་དགའ་སྤྲོས་བསུ། མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་གཉེར་རྒྱུ་དང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས“མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་དགོས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་གྱིས“དུས་རབས་གསར་པའི་རུ་མི་བཟང་པོ་ཧུར་ཐག་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ། སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“ཁྱིམ་ཚང་དང་སློབ་གྲྭ་མཉམ་ལས་བྱས་ཏེ་ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་པའི”རྒྱལ་ཡོངས་ཀྱི་ཁྱིམ་ཚང་སློབ་གསོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་དང་། སློབ་གསོ་པུའུ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་མི་རབས་རྗེས་མར་སེམས་ཁུར་ལས་དོན་ཨུ་ལྷན་སོགས་སྡེ་ཚན་གྱིས“དུས་རབས་གསར་པའི་ལོ་ཆུང་ཡག་པོ”ཞེས་པའི་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་རྒྱུ། རིག་གནས་དང་ཡུལ་སྐོར་པུས་རིགས་ཁག་གི་སྤྱི་པའི་རིག་གནས་སྒྲིག་གཞི་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མི་སྣར་ཕྱོགས་པའི་རིག་གནས་བྱེད་སྒོ་སྤེལ་རྒྱུ། དམངས་སྲིད་པུས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་དཀའ་གནས་སུ་གྱར་བའི་བྱིས་པར་གཅེས་སྐྱོང་དང་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《བདེ་ཐང་བྱིས་པའི་བྱ་སྤྱོད་འཆར་གཞི(2018ལོ་ནས2020ལོ་བར)》མུ་མཐུད་ལག་ལེན་བསྟར་རྒྱུ། རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་སྨྱན་སྦྱོར་ལ་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་ཁྲིད་བྱ་རྒྱུ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།