ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་གད་སྙིགས་རིགས་དབྱེའི་ལས་དོན་ཐད་ལ་མཛུན་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས་གད་སྙིགས་རིག་དབྱེ་ལག་བསྟར་བྱ་རྒྱུ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་ཐོན་ཁུངས་གྲོན་ཆུང་ངང་སྤྱོད་རྒྱུར་འབྲེལ་བ་ཡོད་ལ་སྤྱི་ཚོགས་དཔལ་ཡོན་གྱི་ཆུ་ཚད་མཚོན་བྱེད་གལ་ཆེན་ཞིག་ཀྱང་ཡིན་ཞེས་ནན་གྱི་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན།   གད་སྙིགས་རིགས་དབྱེ་ཁྱབ་གདལ་གཏོང་བའི་གནད་འགག་ནི་ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཡུན་རིང་བའི་ལམ་སྲོལ་ཆགས་པར་བྱེད་པ། གོམས་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཡིན། ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་བབ་དང་བསྟུན་པ། རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་ཀ་ཞིབ་ཚགས་དང་ཏན་ཏིག་ངང་དམ་འཛིན་ལྷོད་མེད་བྱེད་དགོས།   སློབ་གསོ་ཁྲིད་སྟོན་གྱི་ལས་དོན་སྤེལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གད་སྙིགས་རིགས་དབྱེ་ལག་བསྟར་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་ཐུབ་པར་བྱེད་པ་དང་། ཕན་ནུས་ལྡན་པའི་ལྟ་སྐུལ་ཁྲིད་སྟོན་བརྒྱུད་ནས་མི་དེ་བས་མང་པོ་ཞིག་ལ་སྐུལ་སློང་བྱས་ཏེ་གད་སྙིགས་རིགས་དབྱེའི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་མི་རྣམས་མཉམ་དུ་འགུལ་ནས་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད་འབད་བརྩོན་བྱེད་པ། མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་བྱས་རྗེས་འཇོག་དགོས། 

ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་གིན་ཡོད། 2016ལོའི་ཟླ12པར་ཁོང་གིས་འགོ་འཛིན་མཛད་པའི་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་ཐོག་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུར་ཞིབ་འཇུག་བྱས་ཤིང་། ཁོང་གིས་རིགས་དབྱེ་གཏོང་འགྲེམས་དང་རིགས་དབྱེ་བསྡུ་རུབ། རིགས་དབྱེ་སྐྱེལ་འདྲེན། རིགས་དབྱེ་ཐག་གཅོད་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་བཙུགས་ཏེ་ཁྲིམས་སྐྱོང་རྨང་གཞི་བྱེད་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། དམངས་ཡོངས་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད། ཡུལ་བབ་དང་བསྟུན་པ་བཅས་ཀྱི་གད་སྙིགས་རིགས་དབྱེའི་ལམ་ལུགས་ཆགས་པར་བྱས་ནས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་རྒྱ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 

    ཉེ་ལམ་ལོ་ཤས་རིང་། རང་རྒྱལ་གྱིས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་གདལ་ཇེ་མགྱོགས་སུ་བཏང་བ་དང་། རྒྱལ་ཡོངས་ཀྱི་གད་སྙིགས་རིགས་དབྱེའི་ལས་དོན་དེ་ས་གནས་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། རིམ་བཞིན་སྤེལ་འགོ་ཚུགས་པ། ཕན་འབྲས་རགས་ཙམ་ཐོན་པ་བཅས་བྱས་ཏེ་གཙོ་གནད་གྲོང་ཁྱེར46གིས་སྔོན་ལ་ཚོད་ལྟ་བྱས་ནས་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་བཏང་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། 2019ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དུ་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ཏེ2020ལོའི་ལོ་མཇུག་ཏུ་སླེབས་སྐབས་གཙོ་གནད་གྲོང་ཁྱེར46ལ་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་དང་2025ལོའི་ལོ་མཇུག་སྔོན་ལ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དུ་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།