ཀྲུང་གོ་བོད་ཀྱི་དྲ་བ།

བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

ཆབ་སྲིད་ཐད་ཀྱི་བློ་བརྟན་འགྱུར་མེད་དང་ཏང་གཤིས་ཐད་ཀྱི་བློ་བརྟན་འགྱུར་མེད་གཉིས་ཀ་རིགས་པའི་གཞུང་ལུགས་ཐད་ཀྱི་བློ་བརྟན་འགྱུར་མེད་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྡུག་མང་པོ་བརྒྱུད་དེ་འཕེལ་རྒྱས་སྟོབས་ཆེར་འགྲོ་ཐུབ་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་རང་རེའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུར་མཐོང་ཆེན་པོ་བྱས་པས་རེད།

“དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ལྷག་བསམ་རྣམ་དག་དང་། དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཡོང་བར་ཆབ་སྲིད་ཀྱི་སྤྱོདལམ་ལ་ཞུན་བརྡར་སྤྲོས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བཅས་བྱས་ཏེ་རླབས་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་པའི་རྩ་བའི་ལས་འགན་ཁོང་དུ་ཆུད་པ་བྱེད་དགོས”ཞེས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་ཁ་གསལ་བཏོན་གནང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་པའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་སྟེ་ཏང་ཡོངས་ལ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་པོ་བསྟན་གནང་ཡོད། རྩ་བའི་ལས་འགན་འདི་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་ཚེ་གཞི་ནས་ཏང་ཡོངས་ཀྱིས་སྔར་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ལས་འགན་ཆེད་དུ་འབད་འཐབ་བྱེད་ཐུབ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། མར་ཁེ་སི་རིང་ལུགས་དེ་ཉིད་རང་ཉིད་ཀྱི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་ཡོད། ཏང་གིས་སྔ་བར་ཕྱི་གསུམ་དུ་བསམ་བློའི་ཐད་ཀྱི་ཏང་འཛུགས་སྐྱོང་ལ་མཐོང་ཆེན་དང་སྔ་བར་ཕྱི་གསུམ་དུ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་རྒྱུར་མཐོང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྱོང་དེ་ཏང་འཛུགས་སྐྱོང་གི་གནས་བབ་ཨང་དང་པོར་འཇོག་པ་ནི་རང་རེའི་ཏང་གིས་སྔོན་ཐོན་རང་བཞིན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཉམས་མྱོང་ཞིག་ཡིན།

ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་ལས་འགུལ་སྤེལ་བ་ནས་བཟུང་། རང་རེའི་ཏང་གིས་སྔ་རྗེས་སུ་སྤེལ་བའི་གཅིག་སྡུད་སློབ་གསོའི་བྱེད་སྒོ་ཚང་མ་བསམ་བློའི་སློབ་གསོ་དང་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ནས་འགོ་བཙུགས་པ་རེད། ད་ཆ། རང་རེའི་ཏང་གིས་ཀྲུང་གོ་སྟེ་མི་འབོར་དུང་ཕྱུར་14ཙམ་ཟིན་པའི་རྒྱལ་ཁབ་ཆེན་པོའི་སྲིད་དབང་སྐྱོང་བཞིན་ཡོད་ལ། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཧ་ཅང་རྙོག་འཛིང་ཆེན་པོ་འཕྲད་པ་དང་ཕྲག་ཏུ་དཀའ་ཚེགས་ཆེ་བའི་སྲིད་སྐྱོང་ལས་འགན་ལྕི་པོ་འཁུར་བས་གལ་ཏེ་རིགས་པའི་གཞུང་ལུགས་ཀྱི་བསམ་ཕྱོགས་མ་འདང་ཚེ་ཆབ་སྲིད་ཐད་ཀྱི་རིགས་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱེད་དཀའ་ལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའང་དཀའ། ཐེངས་འདིར“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་སྤེལ་བར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་གཞི་རྩའི་རང་བཞིན་གྱི་ལས་འགན་ཞིག་ལ་བརྩི་དགོས་ཤིང་། བསམ་བློའི་རྩ་བའི་གནད་དོན་ཐག་གཅོད་ལ་དམིགས་ནས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།

རིགས་པའི་གཞུང་ལུགས་གསར་གཏོད་གོང་འཕེལ་རེ་བྱུང་ན། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་ཡང་གོང་འཕེལ་རེ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་རེད་ལ། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློའང་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་གསར་གཏོད་བྱས་པའི་རིགས་པའི་གཞུང་ལུགས་འདིའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་མ་ལག ཕུན་སུམ་ཚོགས་པའི་ནང་དོན་བཅས་ལ་གོ་བ་ལོན་ཚད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་མ་ཟད། སློབ་སྦྱོང་གཏིང་ཟབ་དང་གོ་བ་དཔྱིས་ཕྱིན་པ་ལེན་པ་དང་། མཐའ་གསལ་མཐིལ་རྟོགས། དངོས་འབྲེལ་དད་མོས་དང་ལག་ལེན་ལ་བརྩོན་པ་བཅས་བྱས་ཚེ། གཞི་ནས་ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་གཏོང་ཐུབ་ལ། ཏང་གི་གསར་གཏོད་བྱས་པའི་རིགས་པའི་གཞུང་ལུགས་སྤྱད་ནས་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་ཐུབ།

རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ནི་སྲིད་སྐྱོང་རྒྱལ་དར་གྱི་རྐང་འཛིན་སྟོབས་ཤུགས་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསལ་པོར་ཤེས་པ་དང་། མཐར་ཕྱིན་པར་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ཀྱི་ཐད་ཤུགས་སྣོན་རྒྱག་པ་དང་མིག་དཔེ་བསྟན་ཏེ་ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བའི་འགན་ལེན་བྱེད་དགོས། དོ་དོ་ནན་ནན་གྱིས་མ་རྩོམ་སློབ་སྦྱོང་དང་རྩ་བའི་རིགས་པ་སློབ་སྦྱོང་བྱེད་པ་ནི་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་བའི་རྨང་གཞི་ཡིན་པས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་ལ་བརྩོན་དགོས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྔོན་ལ་སློབ་སྦྱོང་བྱས་པའི་རྨང་གཞིའི་ཐོག་ཡར་རྒྱས་གསར་པ་དང་མཐོ་ཚད་གསར་པར་སླེབས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་ཆེར་གཏོང་དང་། ནུས་པ་ཆེར་གཏོང་། སྤྱོད་ཚུལ་ལེགས་གཏོང་། ལས་དོན་ལ་སྐུལ་འདེད་བཅས་ཀྱི་ཐད་མངོན་པར་བྱེད་དགོས། མིག་སྔར། ཏང་ཡོན་ལས་བྱེད་པ་ཁག་གཅིག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་ཏང་ཀྲུང་དབྱང་གི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་མི་ཉུང་བ་ཞིག་ཡོད་དེ། གོ་བ་ཟབ་ལོན་དང་། སེམས་ལ་ཟུག་པ། ལག་ལེན་ཏན་ཏིག་བཅས་བྱུང་མེད། དེར་བརྟེན་སློབ་སྦྱོང་དང་། བསམ་གཞིག བེད་སྤྱོད་བཅས་བརྒྱུད་རིམ་ཧྲིལ་པོར་ཁྱབ་དགོས་པ་དང་། ཤེས་བྱ་དང་། དད་སེམས། བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བསམ་གཞིག་གཏིང་ཟབ་བྱས་ནས་སློབ་སྦྱོང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་འཚོ་བཅུད་འདང་ངེས་གསབ་པ། བསམ་པའི་ཁ་ཕྱོགས་བརྟན་དུ་གཏོང་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།