ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུས2019ལོའི་ཕྱི་སྦྱོང་སློབ་མར་སྔོན་བརྡ་གཏོང་བའི་ཡིག་ཨང་དང་པོ་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས3ཉིན་སློབ་གསོ་པུའི་གསར་འགྱུར་མགྲིན་ཚབ་པ་ཤུས་མེ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག ཉེ་བའི་དུས་མཚམས་རིང་ཨ་རིར་སྐྱོད་པའི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་ཁག་གཅིག་ལ་འགོག་རྐྱེན་མི་ཉུང་བ་འཕྲད་ཡོད། གནད་དོན་དེར་དམིགས་ཏེ་སློབ་གསོ་པུས2019ལོའི་ཕྱི་སྦྱོང་སློབ་མར་སྔོན་བརྡ་གཏོང་བའི་ཡིག་ཨང་དང་པོ་ཡོངས་བསྒྲགས་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་། རྒྱ་ཆེའི་སློབ་མ་དང་མཁས་དབང་ཚོས་ཕྱི་སྦྱོང་ལ་མ་བསྐྱོད་གོང་ཉེན་ཁར་དཔྱད་དཔོག་བྱ་ཤུགས་ཆེ་རུ་བཏང་སྟེ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།

ཤུས་མེ་ཡིས་བརྗོད་དོན། འདི་ལོ་ནི་ཀྲུང་ཨ་ཕྱི་འབྲེལ་བཙུགས་ནས་ལོ40འཁོར་བའི་ལོ་རེད། ལོ40ཡི་རིང་ཀྲུང་ཨའི་སློབ་གསོའི་མཉམ་ལས་དང་སྤེལ་རེས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་འདྲིས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དུས་མཚམས་ཤིག་རིང་ཨ་རིར་ཕྱི་སྦྱོང་དུ་སྐྱོད་མཁན་ཀྲུང་གོའི་སློབ་མ་ཁག་གཅིག་གི་རྒྱལ་གྲོལ་ཐོངས་མཆན་ལ་ཚོད་འཛིན་ཕོག་སྟེ། རྒྱལ་གྲོལ་ཐོངས་མཆན་ཞིབ་བཤེར་བྱེད་ཡུན་རིང་དུ་ཕྱིན་པ་དང་། གོ་ཆོད་དུས་ཡུན་ཐུང་དུ་ཕྱིན་པ། རྒྱལ་གྲོལ་ཐོངས་མཆན་སྤྲོད་ཚད་ཉུང་དུ་ཕྱིན་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད། དེའི་རྐྱེན་གྱིས་ཀྲུང་གོའི་ཕྱི་སྦྱོང་མི་སྣ་རྒྱུན་གཏན་བཞིན་ཨ་རིར་བསྐྱོད་ནས་སློབ་སྦྱོང་ངམ་ཡང་ན་ཨ་རི་ནས་བདེ་བླག་ངང་སློབ་མཐར་ཕྱིན་པར་ཤུགས་རྐྱེན་བཟོས་ཡོད། དེར་བརྟེན་སློབ་གསོ་པུས་རྒྱ་ཆེའི་སློབ་མ་དང་མཁས་དབང་ཚོར་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་མ་བསྐྱོད་གོང་ཉེན་ཁར་དཔྱད་དཔོག་བྱ་ཤུགས་ཆེ་རུ་དང་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་དེ་མཚུངས་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།