ཀྲུང་གོ་བོད་ཀྱི་དྲ་བ།

ཕན་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་དཔག་གི་དམིགས་ཚད་ལ་སླེབས་པ་བྱེད་དགོས།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།    

དམིགས་ཚད་ནི་ཁ་ཕྱོགས་ཡིན་པ་དང་། ཚད་གཞིས་སྤུས་ཚད་གཏན་འཁེལ་བྱེད་ཀྱི་ཡོད།

“རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ། ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ། དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་ཞིབ་ཕྲའི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བ་བྱས་ཏེ་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས”“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཞིབ་ཕྲའི་དམིགས་ཚད་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས་རང་རེའི་ཏང་ལ་རྣམ་པ་གསར་པ་དང་བྱ་སྤྱོད་གསར་པ་ཡོད་དགོས། ད་ཆ་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་རྒྱང་སྐྱོད་གསར་པར་སྐྱོད་བཞིན་ཡོད་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ཕུགས་བསམ་དང་དད་སེམས་དང་དེ་བཞིན་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། ངེས་པར་དུ་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་གཏོང་བ། ངེས་པར་དུ་གསར་བརྗེའི་དམག་འཁྲུག་ལོ་རབས་སྐབས་ཀྱི་འཐབ་རྩོད་བྱེད་ཕོད་པ་དང་དཀའ་ངལ་ལ་མི་སྐྲག་པའི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ། དཀའ་ངལ་དང་། གེགས་བར། འགྲན་སློང་། ཉེན་ཁ་བཅས་སྣ་ཚོགས་ལས་རྣམ་པར་རྒྱལ་ཕོད་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ཧུར་ཐག་ལེན་དགོས།

རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པར་བྱེད་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་སྔོན་སློབ་སྦྱོང་བྱས་པའི་རྨང་གཞིའི་ཐོག་ཡར་རྒྱས་གསར་པ་ཡོང་བ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་ལ་གོ་བ་ལེན་ཟབ་ཏུ་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་དང་གོ་བ་དཔྱིས་ཕྱིན་པ་ལེན་པ། མཐའ་གསལ་མཐིལ་རྟོགས། ལག་བསྟར་དོན་འཁྱོལ་གྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད།

བསམ་བློ་ཆབ་སྲིད་ལ་ཞུན་བརྡར་ཐེབས་པ་བྱེད་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མར་ཁེ་སི་རིང་ལུགས་ལ་དད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་བཅངས་པའི་དད་སེམས་བརྟན་དུ་གཏོང་བ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ལྷག་བསམ་རྣམ་དག མར་ཁེ་སི་རིང་ལུགས་ལ་ལྷག་བསམ་རྣམ་དག་བཅས་བྱེད་པའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད།

ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པ་བྱེད་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཧུར་བརྩོན་གྱི་ཉམས་འགྱུར་དང་དཀའ་ངལ་ཇི་ཙམ་ཆེ་ཡང་དེ་ཙམ་གྱིས་གདོང་མཆོང་བྱེད་ཕོད་པའི་འཐབ་རྩོད་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། 

 ཐབས་མཁས་རང་སྲུང་དང་། ཉི་མ་གང་འཁྱོལ། ཁྲལ་སེལ་སླ་བཅོས། སྲིད་དོན་ལྷོད་གཡེང་བཅས་ཀྱི་དགེ་མཚན་མེད་པའི་བྱེད་སྤྱོད་མཐའ་དག་མཐའ་གཅིག་ཏུ་འདོར་བ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཚོད་བགམ་ཐེག་ཐུབ་པའི་བྱས་རྗེས་དངོས་ཧུར་ཐག་གཏོད་པའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད།

དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མི་དམངས་ཀྱི་ལངས་ཕྱོགས་བརྟན་སྲུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་འཛུགས་པ་དང་། མི་དམངས་མང་ཚོགས་དང་བརྩེ་སེམས་ཟབ་ཏུ་གཏོང་བ། མི་དམངས་དང་རང་རྟོགས་ངང་གཤིབ་འདོད་པ་དང་ལས་འདོད་པ། མང་ཚོགས་ཀྱི་སེམས་ཁྲལ་ནུས་ལྡན་སེལ་བ་བཅས་བྱས་ཏེ་དམངས་ལ་ཕན་བདེ་སྒྲུབ་པ་དང་དམངས་ལ་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད།

སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པའི་གཙོ་གནད་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་དམངས་ལ་དམ་པ་དོན་གཉེར་དང་སྤྱོད་གཙང་གི་ཆབ་སྲིད་རང་མདངས་རྒྱུན་འཁྱོངས་བྱས་ཏེ་གཞུང་སྒེར་དང་། བདེན་ཁེ། ཡིན་མིན། བརྩེ་དུང་དང་བཅའ་ཁྲིམས། ཉེ་གཙང་། བབ་ཆགས་དང་རྒྱས་སྤྲོས། སྐྱིད་སྡུག ཐོབ་ཤོར་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། དམིགས་བསལ་དབང་ཆའི་བསམ་བློ་དང་དམིགས་བསལ་དབང་ཆའི་སྣང་ཚུལ་དང་རང་རྟོགས་ངང་འཐབ་རྩོད་བྱེད་པ། རུལ་སུངས་ལ་སྔོན་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། སྤྱོད་པ་གཙང་མའི་དཔོན་པོ་བྱེད་པ་དང་། ལས་ཀ་དྲང་པོ་དྲང་གཞག་སྒྲུབ། གཡོ་ཟོལ་མེད་པའི་མི་ཞིག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་རྒྱུ་དེ་རེད།

ཕན་འབྲས་ནི་རྣམ་འགྱུར་ལ་ཐུག་པ་དང་། སྔོན་འགྲོ་ལས་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ད་ལྟ་འགོ་ཚུགས་ཟིན། “ཚད་གཞི་མཐོ་པོ་ཡོད་ན་གཞི་ནས་སྤུས་ཚད་མཐོ་པོ་ཡོང་”བས། བརྗོད་དོན་གཙོ་བོའི་སློབ་གསོའི་ཞིབ་ཕྲའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ཚད་གཞི་མཐོ་པོ་འཛུགས་པ་དང་བླང་བྱ་ནན་པོ་དོན་འཁྱོལ་བྱས་ཚེ། ང་ཚོས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་གོ་སྐབས་སུ་བཟུང་ནས་རང་རེའི་ཏང་དེ་བས་འགྱུར་མེད་སྟོབས་ལྡན་དུ་བསྐྲུན་ཐུབ་པ་མ་ཟད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་ཡང་བྱ་ཐུབ། །   

རྩོམ་སྒྲིག་པ། : ཀླུ་མོ་མཚོ།