ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་ཆུ་འོག་ནས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-04-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཁྲའོ་ཞན་གྱིས་ཚེས་ཉེར་གསུམ་ཉིན་ཆུ་འོག་ནས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་གཏམ་དྲག་པོ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་གྱིས་འཕུར་མདའི་འཆར་གཞི་དང་འབྲེལ་བའི་བྱ་སྤྱོད་ཡོད་ཚད་མཚམས་འཇོག་དགོས་པ་བསྐྱར་སྒྲོག་བྱས་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བྱེད་ཐབས་ལག་བསྟར་བྱེད་པར་ཤུགས་སྣོན་བྱེད་རྒྱུ་དམིགས་སུ་བཀར་ནས་ནན་བཤད་བྱས།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བཞིའི་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཉེ་སྔོན་ཆུ་འོག་ནས་འཕུར་མདའ་གཏོང་འཕེན་བྱས་པར་ལེགས་འགྲུབ་བྱུང་ཡོད་ཟེར། ཧན་གོའི་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། ཁྲའོ་ཞན་གྱིས་ཉིན་དེར་ཁྲའོ་ཞན་ཕྱེད་གླིང་ཤར་ངོས་ཀྱི་མཚོ་ཁོངས་སུ་ཆུ་འཛུལ་གྲུ་གཟིངས་ལས་འཕུར་མདའ་ཞིག་གཏོང་འཕེན་བྱས་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་ནང་བཤད་རྒྱུར། ཁྲའོ་ཞན་གྱི་བྱ་སྤྱོད་དེ་ཡང་བསྐྱར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་བདུན་གཅིག་བརྒྱད་དང་། གཅིག་བརྒྱད་བདུན་བཞི། གཉིས་ཐིག་བརྒྱད་བདུན། གཉིས་ཐིག་དགུ་བཞི། གཉིས་གཉིས་བདུན་ཐིག་བཅས་ལ་འགལ་ཡོད་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། ཁྲའོ་ཞན་གྱིས་འཕུར་མདའ་འཕེལ་རྒྱས་སུ་བཏང་སྟེ་ཚོད་ལྟ་བྱས་པར་ལེགས་འགྲུབ་བྱུང་མེད་ཀྱང་འབྲེལ་ཡོད་གྲོས་ཆོད་ལས་གཏན་འགོག་བྱས་ཡོད་ཟེར།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་གསལ་སྒྲོག་ནང་ཁོ་ཚོས་སེམས་ཁུར་བྱེད་བཞིན་པའི་ཚུལ་བསྟན་པ་དང་། འཕུར་མདའ་གཏོང་འཕེན་བྱས་པའི་བྱ་སྤྱོད་དེ་རིགས་ཁྲའོ་ཞན་གྱིས་ཉིང་རྡུལ་མཚོན་ཆའི་སྐྱེལ་འདྲེན་མ་ལག་འཕེལ་རྒྱས་སུ་གཏོང་བར་ཕན་ཐོགས་ཡོད་པ་དང་། ས་ཁུལ་གྱི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་གཏོང་སྲིད་པར་འདོད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བསྐྱར་སྒྲོག་བྱས་དོན། ཁྲའོ་ཞན་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་འགལ་བའི་བྱ་སྤྱོད་ཚོད་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་གྲོས་ཆོད་དེ་དག་ནང་གཏན་འཁེལ་བྱས་པའི་འོས་འགན་ལག་བསྟར་བྱེད་དགོས་ཟེར།

ཉེ་སྔོན་ཁྲའོ་ཞན་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་འགལ་བའི་བྱ་སྤྱོད་ལ་དམིགས་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་གཅིག་བདུན་གཅིག་བརྒྱད་གཞིར་བཟུང་སྟེ་བཙུགས་པའི་བཀག་སྡོམ་ཨུ་ཡོན་ལྷན་ཁང་གི་བྱ་བར་གལ་འགངས་ཧ་ཅང་ཆེ་བ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་ཚང་མས་འབད་པ་ལྡབ་འགྱུར་བྱས་ཏེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཁྲོད་ཀྱི་བྱེད་ཐབས་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དམིགས་སུ་བཀར་ནས་ནན་གྱིས་བསྟན་དོན། གྲོས་ཆོད་གཉིས་གཉིས་བདུན་ཐིག་གི་འབྲེལ་ཡོད་བྱེད་ཐབས་ལག་བསྟར་བྱེད་པར་ཤུགས་སྣོན་བྱེད་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ལག་བསྟར་བྱས་པའི་བྱེ་བྲག་གི་བྱེད་ཐབས་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་ཡར་ཞུ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་གྲོས་ཆོད་དེ་ལག་བསྟར་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དང་ཨེ་ཤ་ཡཱའི་བྱང་ཤར་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཞི་བདེ་དང་ཕྱི་འབྲེལ། ཆབ་སྲིད་བཅས་ཀྱི་ཐབས་ལ་བརྟེན་ནས་མིག་སྔའི་གནས་བབ་ཐག་གཅོད་བྱེད་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་དང་རྒྱལ་ཁབ་གཞན་པས་གྲོས་མོལ་ལ་བརྟེན་ནས་ཞི་བདེ་དང་ཁྱོན་ཡོངས་ཀྱི་ཐག་གཅོད་ཇུས་གཞི་ཞིག་འགོད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།