ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་ན་གཞོན་ལ་སྲོལ་རྒྱུན་དམངས་སྲོལ་འགྲེམ་སྟོན་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-08-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་ཉེ་སྔོན་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་སྲོལ་རྒྱུན་རིག་གནས་དམངས་སྲོལ་འགྲེམ་སྟོན་བྱ་འགུལ་སྤེལ་ཏེ། ས་དེའི་ན་གཞོན་མང་བོ་བྱ་འགུལ་དེར་ཞུགས་སུ་བཅུག་པ་དང་། ཁོ་ཚོར་ཐོབ་པར་དཀའ་བའི་སྤྲོ་དགའི་གོ་སྐབས་བསྐྲུན།

ཐེངས་འདིའི་འགྲེམ་སྟོན་དེ་ཚེས་བཅུ་བདུན་དང་ཚེས་བཅོ་བརྒྱད་ཉིན་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་ཅཱ་ཧྲ་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཞིག་ནས་སྤེལ། ཐེངས་འདིའི་འགྲེམ་སྟོན་གྱི་ཐུན་མིན་ཁྱད་ཆོས་ནི་ཟབ་ཞུགས་མཁན་ཚང་མ་ནི་ས་དེའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཡིན་པ་དེ་རེད། འགྲེམ་ཁུལ་དེ་སྲོལ་རྒྱུན་གྱི་ཕཱ་ལེ་སི་ཐན་གྱི་སྡེ་བའི་ཚུལ་དུ་བྱས་པ་དང་། བྱིས་པ་ཚོས་ཞིང་བའི་ཚུལ་དུ་ལ་ལས་ཕྱུགས་འཚོས་པ་དང་ལ་ལས་རྨོ་འདེབས་བྱས།

འགྲེམ་ཁུལ་གྱི་སྣེ་གཅིག་ཏུ་སྲོལ་རྒྱུན་གྱི་ཕཱ་ལེ་སི་ཐན་གྱི་གཉེན་སྟོན་མཛད་སྒོ་དངོས་སུ་སྤེལ། བག་མས་ལུས་ལ་སྲོལ་རྒྱུན་གྱི་རྒྱན་གོས་སྤྲས་ཡོད་ལ། མག་པ་དང་གཉེན་ཉེ་གྲོགས་པོ་ཚོས་མི་རིགས་རོལ་དབྱངས་ཀྱི་རམ་དཀྲོལ་ཁྲོད་གླུ་གར་གྱི་དཔལ་ལ་རོལ། འགྲེམ་ཁུལ་གྱི་ཟུར་སོ་སོར་གཙགས་དྲུབས་དང་རྫ་ཆས་སོགས་ཕཱ་ལེ་སི་ཐན་གྱི་སྲོལ་རྒྱུན་ལག་བཟོས་ཐོན་རྫས་བཤམས་ཡོད།

གཙོ་སྒྲུབ་མཁན་གྱིས་བལྟས་ན། སྲོལ་རྒྱུན་གྱི་རིག་གནས་བྱ་འགུལ་སྤེལ་ན་ཕཱ་ལེ་སི་ཐན་གྱི་ན་གཞོན་དག་གིས་ལོ་རྒྱུས་ལ་རྒྱུས་ལོན་དང་རིག་གནས་ངོས་ཟིན་ཇེ་དྲག་ཏུ་འགྲོ་བར་ཕན་ཐོགས་ཡོད་པར་འདོད། གཙོ་སྒྲུབ་ཕྱོགས་ཀྱི་མཐུན་སྦྱོར་པ་སཱ་ཨ་ཏཱ་ཡིས་བཤད་རྒྱུར། ད་ལྟའི་བྱིས་པ་དག་ཁོ་ཚོའི་ཡབ་མེས་ཀྱིས་བེད་སྤྱོད་བྱས་མྱོང་བའི་ཞིང་ལས་ཡོ་བྱད་དང་འཚོ་བའི་མཁོ་དངོས་ལ་ཆ་རྒྱུས་ཆེར་མེད། འགྲེམ་སྟོན་བྱས་པ་བརྒྱུད་སློབ་མ་དག་གིས་མི་རིགས་རང་གི་ལོ་རྒྱུས་རིག་གནས་དང་སྲོལ་རྒྱུན་ལ་རྒྱུས་ལོན་ཅུང་ཟབ་མོ་བྱུང་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། རྩ་འཛུགས་དེས་ལོ་རེའི་དབྱར་གནང་སྐབས་སུ་སྤྲོ་སྐྱིད་གཟའ་འཁོར་བྱ་འགུལ་སྤེལ་བཞིན་ཡོད་པ་དང་། ད་ལོ་ནི་སྤེལ་ཐེངས་བཅུ་བ་རེད། བྱ་འགུལ་དེའི་ཐོག་མའི་དམིགས་ཡུལ་ནི་འཁྲུག་རྩོད་དང་བཀག་སྡོམ་གྱི་དཀའ་སྡུག་ཐེབས་པའི་ཅཱ་ཧྲ་ས་ཁུལ་གྱི་བྱིས་པའི་སེམས་ཁམས་ཀྱི་སྡུག་བསྔལ་ཇེ་ཡང་དུ་བཏང་སྟེ་འཚོ་བའི་ཡིད་ཆེས་སླར་གསོ་བྱེད་པའི་ཆེད་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།