ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་སྔོན་ཏག་ཏག་ལ་དཔལ་འབྱོར་གྱི་འཕར་སྣོན་དམའ་བའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཅཱ་ཏི་ཡིས་ཟླ་དགུ་བའི་ཚེས་གཅིག་ཉིན་སྤེལ་བའི་རྩོམ་ཡིག་ནང་བསྟན་དོན། མི་འགྱངས་པར་ཀྲུང་གོ་ཧང་ཀྲིག་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར། ཁོ་མོས་སྟོབས་དང་ལྡན་པའི་སྲིད་ཇུས་སྤྱད་དེ་དཔལ་འབྱོར་གྱི་འཕར་སྣོན་དམའ་བའི་ཉེན་གནས་སུ་ལྷུང་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་ཅཱ་ཏི་ཡིས་རྩོམ་ཡིག་ནང་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་གྲོས་གཞི་གཙོ་བོ་རབ་དང་རིམ་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། དེའི་ནང་འཕར་སྣོན་དལ་བ་དང་། འདྲ་མཉམ་མིན་པའི་སྣང་ཚུལ་ཚབས་ཆེན་དུ་འགྱུར་བ། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གྱི་གོམ་སྟབས་དལ་བ་སོགས་གནད་དོན་འདུས་ཡོད། ཐེངས་འདིའི་གྲོས་ཚོགས་ཏག་ཏག་དུས་སྐབས་འདི་འདྲ་ཞིག་ལ་འཁེལ་ཡོད་པས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་ཟེར།

ཁོ་མོས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བསྟུད་མར་ལོ་ལྔར་ཉམས་ཉེན་སྔོན་གྱི་ཆ་སྙོམས་ཀྱི་འཕར་སྣོན་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་བདུན་ལས་དམའ་བ་རེད། གནས་ཚུལ་དེ་ཉིས་སྟོང་བཅུ་བདུན་ལོར་མུ་མཐུད་དུ་རྒྱུན་བསྲིང་ངེས་རེད་ཟེར། ཁོ་མོས་བཤད་རྒྱུར། འཕར་སྣོན་དམའ་བའི་ཉེན་གནས་སུ་ལྷུང་བར་སྔོན་འགོག་བྱེད་ཆེད། རྒྱལ་ཁབ་སོ་སོས་སྟོབས་དང་ལྡན་པའི་སྲིད་ཇུས་བྱེད་ཐབས་སྤྱོད་དགོས་ཟེར། ཁོ་མོས་བལྟས་ན། གཅིག་ནས་ནོར་སྲིད་སྲིད་ཇུས་བེད་སྤྱད་དེ་དགོས་མཁོ་ཇེ་ཆེར་གཏོང་དགོས་པ་དང་། གཉིས་ནས་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བྱེད་དགོས། གསུམ་ནས་ཉོ་ཚོང་གི་བཀག་རྒྱ་ཇེ་ཉུང་དུ་གཏོང་བའི་ཐབས་ལ་བརྟེན་ནས་ཉོ་ཚོང་དར་རྒྱས་སུ་གཏོང་དགོས། དེ་ལས་གཞན་སྲིད་ཇུས་གཏན་འབེབས་བྱས་ཏེ་འཕར་སྣོན་ལ་ཁག་ཐེག་བྱེད་པ་དང་སྤྱི་ཚོགས་ཡོངས་ཀྱིས་མཉམ་སྤྱོད་བྱེད་དགོས་པར་འདོད།

ཁོ་མོས་བསྟན་དོན། གོང་གི་གྲོས་རིམ་ལག་བསྟར་བྱེད་པར་ཆབ་སྲིད་ཀྱི་བློ་སྤོབས་དགོས། གལ་ཏེ་བྱེད་ཐབས་མ་སྤྱད་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་གོ་ལྡོག་ཏུ་སོང་ནས། འདས་པའི་ལོ་ངོ་བཅུ་ཕྲག་འགའི་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནང་རྒྱུ་ནོར་གསར་སྐྲུན་བྱས་པའི་སྒུལ་ཤུགས་ཤུལ་མེད་དུ་འགྱུར་སྲིད་པས། དེ་འདྲའི་ཉེན་ཁ་ཞིག་བརྒྱུད་མི་རུང་ཟེར།

ཀྲུང་གོའི་དཔལ་འབྱོར་གླེང་སྐབས་ལཱ་ཅཱ་ཏི་ཡིས་བསྟན་དོན། ཀྲུང་གོའི་དཔལ་འབྱོར་དེ་དངུལ་གཏོང་འཛད་སྤྱོད་དུ་འགྱུར་བ་དང་། ཕྱིའི་དགོས་མཁོ་ནང་མཁོ་རུ་འགྱུར་བའི་ཡང་བསྐྱར་དོ་མཉམ་གྱི་འཕེལ་རིམ་དུ་གནས་ཡོད། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་དང་གཏན་འཇགས་ངང་འཕར་སྣོན་བྱུང་ན་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་ཕན་ཐོགས་ཡོད། ཡིན་ཡང་ཀྲུང་གོའི་ཉོ་ཚོང་གྲོགས་པོར་མཚོན་ན། ཀྲུང་གོའི་རྣམ་པ་འགྱུར་བའི་སྣང་ཚུལ་དེ་ལས་མ་རྩ་མང་བོ་ཤོར་སྲིད་པ་དང་། ཐ་ན་དངུལ་ལོར་གྱི་ཟང་ཟིང་གི་རྣམ་པའང་འབྱུང་སྲིད་ཟེར།

ཟླ་དགུ་བའི་ཚེས་གཅིག་ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་འབྲེལ་ཡོད་སྲིད་ཇུས་སྙན་ཞུ་སྤེལ། སྙན་ཞུའི་རྩོམ་པ་པོ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཞིབ་འཇུག་པ་ཧི་ཨར་ཅི་པའོ་ཅེ་ཡིས་ཉིན་དེར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་བྱེད་པར་རྒྱལ་ཁབ་སོ་སོས་མཐུན་སྦྱོར་བྱས་ཏེ་འགུལ་སྐྱོད་སྤེལ་དགོས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱིས་གོ་སྐབས་བཟང་བོ་ཞིག་བསྐྲུན་ཡོད་པ་དང་། རྒྱལ་ཁབ་སོ་སོས་འབྲེལ་འདྲིས་དང་སྲིད་ཇུས་མཐུན་སྦྱོར་བྱས་ཏེ་བཟོད་སྒོམ་རང་བཞིན་གྱི་འཕར་སྣོན་མངོན་འགྱུར་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།