ཀྲུང་གོ་བོད་ཀྱི་དྲ་བ།

སིང་ག་ཕོར་གྱིས་ཡང་བསྐྱར་ལྷོ་ཕྱོགས་རྒྱ་མཚོའི་གནས་བབ་ཐད་ནས་དཀྲུག་འཕེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : 选择作者   སྤེལ་དུས། : 2016-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་དུ་འཚམས་འདྲི་བྱེད་བཞིན་པའི་སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་གིས་ཚེས་ཉེར་བརྒྱད་ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས། འཇར་པན་ཐུན་མོང་འཕྲིན་གཏོང་ཁང་གིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། འཇར་པན་དང་སིང་ག་ཕོར་གྱི་མགོ་ཁྲིད་པས་སྔ་མོ་ནས་ཞི་བདེ་རྒྱ་མཚོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་པར་ཡར་སྐུལ་བྱེད་པ་དང་། ལྷོ་ཕྱོགས་རྒྱ་མཚོའི་གནད་དོན། དེ་མིན་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པ་དང་འཕུར་མདའི་འཇིགས་ཉེན་སོགས་ཀྱི་ཐད་ནས་ཐུན་མོང་གི་ལྟ་ཚུལ་བཀོད་དེ་མཉམ་ལས་བྱེད་པར་བརྩོན་ལེན་བྱས།

བསྒྲགས་པ་ལྟར་ན། ཨན་པའེ་ཅིན་སན་དང་ལིས་ཞན་ལུང་གཉིས་ཀྱིས་ཚེས་ཉེར་བརྒྱད་ཉིན་ཏུང་ཅིན་གྱི་ཧི་པན་མགྲོན་ཁང་ནས་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་ཁོ་གཉིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་མཉམ་དུ་ཞུགས། ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། འཇར་པན་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ་ངོ་ལྔ་བཅུ་འགོར་བའི་སྐབས་སུ་ཙུང་ལི་ལིས་ཞན་ལུང་གིས་འཇར་པན་དུ་འཚམས་འདྲི་བྱས་པ་དེ་གོ་སྐབས་སུ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་རེ་བ་ཡོད་ཟེར། ལིས་ཞན་ལུང་གིས་འཇར་པན་དང་སིང་ག་ཕོར་གྱི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། འཇར་པན་དང་ལག་རྡང་སྦྲེལ་ནས་ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད་སྔ་མོ་ནས་ནུས་ལྡན་དུ་འགྱུར་བར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

འཇར་པན་དང་སིང་ག་ཕོར་གྱི་མགོ་ཁྲིད་པས་ཕྱོགས་གཉིས་ཀྱི་མཉམ་ལས་གླེང་བར་མ་ཟད། ད་རུང་ས་ཁུལ་དང་འབྲེལ་བའི་གནད་དོན་དང་། ཞི་བདེ་རྒྱ་མཚོ་ཆེན་མོ་བརྒལ་བའི་གྲོགས་པོའི་འབྲེལ་བའི་གྲོས་ཆོད། ལྷོ་ཕྱོགས་རྒྱ་མཚོའི་གནད་དོན། ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་སོགས་ལའང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་གི་ལྟ་ཚུལ་མི་ཉུང་བ་བཀོད་ཡད་ཟེར།

ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་ཐད་ནས་འཇར་པན་དང་སིང་ག་ཕོར་ཕྱོགས་གཉིས་ཀྱིས་རྒྱ་མཚོའི་བཅའ་ཁྲིམས་སྒྲིག་སྲོལ་གྱི་གལ་ཆེན་རང་བཞིན་ནན་བཤད་བྱེད་རྒྱུའི་ཚུལ་བསྟན། ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་དང་འཕུར་མདའི་འཇིགས་ཉེན་ལ་དམིགས་ཏེ་རྒྱལ་ཁབ་གཉིས་ཀྱིས་ཐག་གཅོད་བྱེད་ཐབས་ནུས་ལྡན་སྤྱོད་རྒྱུའི་ཚུལ་བསྟན།

ཟླ་བཅུ་གཅིག་པར་སིང་ག་ཕོར་གྱི་ཙུང་ཐུང་ཁྲིན་ཆིན་ཡན་གྱིས་ད་རུང་འཇར་པན་དུ་འཚམས་འདྲི་བྱེད་རྒྱུ་རེད། འཇར་པན་དང་སིང་ག་ཕོར་གྱི་མགོ་ཁྲིད་པས་སིང་ག་ཕོར་གྱི་ཙུང་ཐུང་གིས་འཇར་པན་དུ་འཚམས་འདྲི་བྱེད་སྐབས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཡར་སྐུལ་གཏོང་བར་རེ་སྒུག་ཆེན་པོ་བྱས་ཡོད་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།