ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་དང་དབྱི་རག་གིས་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ་མའོ་སུའུ་ཨར་གྱི་རྗེས་ཕྱོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཨེ་ལོ་ཡིས་ཚེས་བཅོ་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། ཧྥ་རན་སི་དང་དབྱི་རག་གིས་ཚེས་ཉི་ཤུའི་ཉིན་ཕཱ་རེ་སི་ནས་མཉམ་འབྲེལ་སྒོས་པུའུ་ཀྲང་རིམ་པའི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དུས་ཡུན་རིང་བོར་བཙན་བཟུང་བྱས་པའི་མའོ་སུའུ་ཨར་གྲོང་ཁྱེར་མ་འོངས་པར་ཕྱིར་བླངས་རྗེས། གྲོང་ཁྱེར་དེའི་བརྟན་འཇགས་ཇི་ལྟར་མྱུར་མོར་སླར་གསོ་བྱེད་པའི་འབྲེལ་ཡོད་གནས་ཚུལ་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཨེ་ལོ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པའི་གྲོས་གཞི་གཙོ་བོ་གསུམ་ནི། མའོ་སུའུ་ཨར་གྲོང་ཁྱེར་དེ་ཉེ་འཁོར་ས་ཁུལ་གྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་དང་། ས་དེའི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ། དབྱི་རག་སྲིད་གཞུང་གིས་མའོ་སུའུ་ཨར་དང་དེའི་ཉེ་འཁོར་གྱི་ཕྱིར་བླངས་པའི་ས་ཁུལ་གྱི་སྒྲིག་ལམ་དང་བརྟན་འཇགས་སླར་གསོ་བྱེད་པའི་འཆར་གཞི་འདོན་པ་བཅས་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་ཚོགས་ལ་ཨ་མེ་རི་ཁ་དང་དབྱིན་ཇི། འཇར་མན། ཐུར་ཁེ། དེ་མིན་མཚོ་ཁུགས་ས་ཁུལ་གྱི་རྒྱལ་ཁབ་མང་བོ་བཅས་བསྡོམས་པས་རྒྱལ་ཁབ་ཉི་ཤུ་ལྷག་གི་འཐུས་མི་གདན་ཞུ་བྱས་ཡོད་ཀྱང་། དབྱི་ལིང་གདན་ཞུ་བྱས་མེད།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་རྒྱབ་སྐྱོར་འོག དབྱི་ལིང་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་བདུན་ཉིན་གྱི་ཞོགས་པར་མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་མགོ་བརྩམས། ཧྥ་རན་སའི་རྒྱལ་སྲུང་པུའུ་ཡི་འབྲེལ་ཡོད་མི་སྣས་ཉེ་སྔོན་བཤད་རྒྱུར། འཐབ་འཁྲུག་དེའི་ཁྲོད་ས་ངོས་ཀྱི་དཔུང་འཇུག་གི་འགན་ཁུར་བའི་དབྱི་ལིང་སྲིད་གཞུང་དང་ས་གནས་ཀྱི་དམག་དཔུང་ལ་མི་ཁྲི་བཞི་དང་སྟོང་ལྔ་ཙམ་ཡོད། མའོ་སུའུ་ཨར་གྲོང་ཁྱེར་དང་དེའི་ཉེ་འཁོར་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པ་སྟོང་ལྔ་ནས་སྟོང་བརྒྱད་ཡོད་པ་རེད། ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ལེ་ཏི་ལིས་ཨང་གིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། འཐབ་འཁྲུག་དེ་གཟའ་འཁོར་འགའ་ནས་ཟླ་ངོ་འགའ་འགོར་སྲིད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།