ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཙུང་ལི་ཡིས་ཐུར་ཁེ་མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་ལ་ཞུགས་པར་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་ཉེར་གཉིས་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཁཱ་ཐི་ལ་ཐུག་འཕྲད་བྱས། ཁཱ་ཐི་ཡིས་དབྱི་རག་གིས་ཐུར་ཁེ་མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་ནང་ཞུགས་སུ་འཇུག་པའི་སྐུལ་མ་བཏང་ཡང་། རེ་འདོད་དེར་ཨ་པཱ་ཏིས་ཀྱིས་ཁས་ལེན་མ་བྱས། ཨ་པཱ་རིས་ཀྱིས་ནན་གྱིས་བསྟན་དོན། མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་ནི་དབྱི་རག་གིས་གཙོ་ཁྲིད་བྱས་ཏེ་ལག་བསྟར་བྱེད་པ་ཡིན་ཟེར།

ཨ་པཱ་ཏིས་ཀྱིས་བསྟན་དོན། བསྒྲགས་པ་ལྟར་ན་དབྱི་རག་དང་ཐུར་ཁེ་ཡིས་མའོ་སུའུ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་ཐད་ནས་གྲོས་མཐུན་བཀོད་པ་དང་། དེ་དོན་དངོས་དང་མི་མཐུན་ཟེར། མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་ནི་དབྱི་རག་གིས་གཙོ་འགན་ཁུར་ནས་ལག་བསྟར་བྱས་པ་ཡིན་ལ། དབྱི་རག་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ནས་མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་ངེས་ཡིན་ཟེར།

སྔ་ཉིན་ཁཱ་ཐི་ཡིས་ཐུར་ཁེ་རུ་འཚམས་འདྲི་བྱེད་སྐབས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཐུར་ཁེ་མའོ་སུའུ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་ལ་ཞུགས་པར་ཐོག་མའི་གྲོས་མཐུན་བྱུང་ཡོད་པ་དང་། དབྱི་རག་སྲིད་གཞུང་གྲོས་མཐུན་དེར་ཡིད་འཐད་འབྱུང་བར་རེ་བ་ཆེན་པོ་ཡོད་ཟེར། ཚེས་ཉེར་གཉིས་ཉིན་ཨ་པཱ་ཏིས་དང་གྲོས་མོལ་བྱས་རྗེས་ཁཱ་ཐི་ཡིས་ཐུར་ཁེ་འཐབ་འཁྲུག་ལ་ཞུགས་སུ་འཇུག་པར་དཀའ་ཁག་ཡོད་པ་ཁས་ལེན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།