ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་མའོ་སུའུ་ཨར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་བདུན་ཚར་གཅོད་བྱས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་ཉེར་བཞིའི་ཉིན་གསར་འགྱུར་ལས་རིགས་ལ་བསྟན་དོན། དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་མགོ་བརྩམས་པའི་ཚུན་ལ། ཐུར་ཁེའི་དམག་ཕྱོགས་ཀྱིས་མའོ་སུའུ་ཨར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་བདུན་ཚར་གཅོད་བྱས་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཨེ་ལོ་དང་མཉམ་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་རག་བྱང་ཕྱོགས་ཀྱི་པཱ་ཞེ་ཁཱ་སྒར་སར་བཅའ་སྡོད་བྱས་ཡོད་པའི་ཐུར་ཁེའི་དམག་དཔུང་གིས་མེ་སྒྱོགས་གཏོང་འཕེན་བྱས་ཏེ་མའོ་སུའུ་ཨར་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་བཅུ་བདུན་ཚར་གཅོད་བྱས་པ་དང་། ཐུར་ཁེ་ཡིསF-16རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཞིག་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་མནའ་འབྲེལ་གྱིས་སྤེལ་བའི་མའོ་སུའུ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་ནང་ཞུགས་པར་མངག་ཡོད་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བསྟན་དོན། ཐུར་ཁེ་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བཞིན་ཡོད་པར་མ་ཟད། ཞོར་དུ་དབྱི་རག་བྱང་ཕྱོགས་ཀྱི་ཞིན་ཅཱ་ཨར་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་ཉེས་ཅན་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་བཞིན་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།