ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཏང་དང་ངོ་རྒོལ་ཏང་གིས་ཟླ་འདིའི་ཟླ་མཇུག་ལ་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝེ་ནེ་ཙུའེ་ལཱའི་སྲིད་འཛིན་ཏང་དང་ངོ་རྒོལ་ཏང་གིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་སུམ་ཅུའི་ཉིན་ནས་བཟུང་གྲོས་མོལ་བྱས་ཏེ་ཝེ་ནེ་ཙུའེ་ལཱ་རྒྱལ་ནང་གི་ཛ་དྲག་ཆེ་བའི་ཆབ་སྲིད་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།

ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ཚེས་སུམ་ཅུའི་ཉིན་ཅཱ་ལེ་པུས་ས་ཁུལ་གྱི་མཱ་ཀི་ལོས་ཐཱ་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་རྒྱལ་སྤྱིའི་སྔོན་ཆད་ཀྱི་ཆབ་སྲིད་དཔོན་པོ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་འགའི་བར་འདུམ་འོག་བཀོད་སྒྲིག་བྱས་པ་རེད།

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་རོ་མཱ་ནས་ཆོས་དཔོན་དང་གྲོས་མོལ་བྱས་རྗེས་ཁྱབ་སྒྲོག་བྱས་དོན། མཇུག་མཐར་ངོ་རྒོལ་ཏང་དང་གྲོས་མོལ་བྱེད་རྒྱུ་ཐག་བཅད་པ་ཡིན་ཟེར།

ངོ་རྒོལ་ཏང་གི་འགན་ཁུར་བ་ཐའོ་ལོས་ཨ་ཨར་ཝ་ཡིས་བཤད་རྒྱུར། ངོ་རྒོལ་ཏང་གིས་ད་ལྟའི་སྲིད་གཞུང་བར་གྲོས་མོལ་བྱེད་པར་འཐད་པ་ཡིན་པར་བཤད་ཀྱང་། རང་ཉིད་ཀྱིས་གྲོས་མོལ་ལ་དོགས་ཟོན་གྱི་རྣམ་འགྱུར་བཟུང་ཡོད་ཟེར། ཐའོ་ལོས་ཨ་ཨར་ཝ་ཡིས་བཤད་རྒྱུར། གྲོས་མོལ་དེ་སྲིད་གཞུང་གིས་དུས་ཚོད་ཐོབ་ཆེད་སྤྱད་པའི་ཐབས་ཇུས་ཤིག་ཏུ་འགྱུར་མི་རུང་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། གྲོས་མོལ་གྱི་དབང་གིས་སྔར་ནས་གཏན་འཁེལ་བྱས་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་མཚམས་འཇོག་མི་སྲིད་ཟེར།

བསྒྲགས་པ་ལྟར་ན། སྲིད་འཛིན་ཏང་དང་ངོ་རྒོལ་ཏང་གིས་གྲོས་མོལ་བྱེད་རྒྱུའི་གནས་ཚུལ་བསྒྲགས་རྗེས། ངོ་རྒོལ་ཏང་མནའ་འབྲེལ་གྱི་ཁོངས་མི་རེ་འགས་ཧ་ལས་པའི་ཚུལ་བསྟན། དབྱེ་ཞིབ་མི་སྣས་བལྟས་ན། དེ་ལས་ངོ་རྒོལ་ཏང་མནའ་འབྲེལ་ནང་ཁུལ་དུ་འགལ་བ་གསར་བ་རེ་འགའ་འབྱུང་དུ་འཇུག་སྲིད་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།