ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱི་ཉེན་རྟོག་པའི་གསོ་སྦྱོང་སློབ་གླིང་ཞིག་ལ་འཇབ་རྒོལ་ཐེབས་ཏེ་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཚེས་ཉེར་བཞི་ཉིན་གྱི་ནམ་གུང་། ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་རུ་ཡོད་པའི་ཉེན་རྟོག་པའི་གསོ་སྦྱོང་སློབ་གླིང་ཞིག་ལ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་སྐོར་ཞིག་གི་འཇབ་རྒོལ་ཐེབས། མིག་སྔར་འཇབ་རྒོལ་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་དྲུག་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཡོད།

གཞན་ཡང་པུས་ལུའུ་ཀྲི་ཞིང་ཆེན་གྱི་ནང་སྲིད་པུའུ་ཀྲང་པུའུ་ཀི་ཏིས་ཀྱིས་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་མཚམས་སྦྱོར་བྱས་དོན། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་འགུལ་སྐྱོད་མཇུག་སྒྲིལ་བ་དང་། དོན་རྐྱེན་བྱུང་སའི་གནས་བབ་ལ་ཚོད་འཛིན་ཐུབ་ཡོད་ཟེར། ཕཱ་ཁི་སི་ཐན་དཔོན་རིགས་ཀྱིས་བལྟས་ན་འཇབ་རྒོལ་མཁན་ལ་མི་གསུམ་ཡོད་པ་དང་། མིག་སྔར་ཚང་མ་རྐྱེན་ལམ་དུ་ཤོར་བ་བདེན་དཔང་ཐོབ་ཡོད་ཟེར།

ཕཱ་ཁི་སི་ཐན་གྱི་དམག་གསུམ་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་ཉེར་བཞི་ཉིན་གྱི་དགོང་མོར། དྲག་ཆས་ཉེས་ཅན་འགའ་ཁོས་ཏཱ་གྲོང་ཁྱེར་གྱི་ཉེན་རྟོག་པའི་གསོ་སྦྱོང་སློབ་གླིང་ཞིག་ཏུ་ཡོང་ནས་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད་ཟེར། པུས་ལུའུ་ཀྲི་ཞིང་ཆེན་གྱི་ནང་སྲིད་པུའུ་ཀྲང་གིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་ཉེན་རྟོག་པའི་གསོ་སྦྱོང་སློབ་གླིང་གི་སྣེ་ལེན་ཁང་ནས་གསོ་སྦྱོང་མྱོང་བའི་ཉེན་རྟོག་པ་ཉིས་བརྒྱ་ནས་ཉིས་བརྒྱ་དང་ལྔ་བཅུ་བཙན་ཁྲིད་བྱས་ཡོད་ཟེར།

འཇབ་རྒོལ་དོན་རྐྱེན་བྱུང་རྗེས་ཕཱ་ཁི་སི་ཐན་གྱི་བདེ་འཇགས་མི་སྣས་ཉེན་རྟོག་པའི་གསོ་སྦྱོང་སློབ་གླིང་དེར་བཀག་སྡོམ་བྱས་ཏེ་དྲག་ཆས་ཉེས་ཅན་ལ་དཔུང་འཇུག་བྱས་པ་རེད། ཚེས་ཉེར་ལྔ་ཉིན་གྱི་ཞོགར་པར་པུའུ་ལུའུ་ཀྲི་ཞིང་ཆེན་གྱི་ནང་སྲིད་པུའུ་ཀྲང་པུའུ་ཀི་ཏིས་ཀྱིས་འགུལ་སྐྱོད་མཇུག་སྒྲིལ་བ་དང་དོན་རྐྱེན་བྱུང་སའི་གནས་བབ་ལ་ཚོད་འཛིན་ཐུབ་ཡོད་པ་ཁྱབ་སྒྲོག་བྱས། ཕཱ་ཁི་སི་ཐན་དཔོན་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་འགུལ་སྐྱོད་དེར་དུས་ཚོད་ལྔ་ཙམ་འགོར་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།