ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་དཔུང་གིས་མའོ་སུའུ་ཨར་ཉེ་འདབས་ཀྱི་གནའ་མཁར་ཕྱིར་འཕྲོག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དབྱི་རག་དམག་ཕྱོགས་ཀྱིས་མའོ་སུའུ་ཨར་གྲོང་ཁྱེར་ཉེ་འདབས་ཀྱི་གནའ་མཁར་ཞིག་ཕྱིར་འཕྲོག་ལེན་བྱས་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་རང་སྲོག་གཅོད་པའི་འཇབ་རྒོལ་དང་རླངས་འཁོར་འགས་གཏོར་འཇབ་རྒོལ་སོགས་ལ་བརྟེན་ནས་དབྱི་རག་དམག་དཔུང་གི་དཔུང་འཇུག་ལ་རྒོལ་ལན་སྤྲོད་བཞིན་ཡོད་ཟེར།

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་རག་མཉམ་འབྲེལ་འགུལ་སྐྱོད་ཀྱི་དམག་སྤྱི་ཁང་གིས་བཤད་རྒྱུར། དབྱི་རག་གི་དམག་དཔུང་གིས་ནེ་མུའུ་ལུའུ་ཏི་གྲོང་ཁྱེར་བཅིངས་འགྲོལ་བྱས་པ་དང་། དབྱི་རག་གི་རྒྱལ་དར་དེ་ཐོག་ཁང་སོ་སོའི་སྟེང་གི་བཙུགས་ཡོད་ཟེར།

ནེ་མུའུ་ལུའུ་ཏི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གསུམ་པར་བཙུགས་པ་ཡིན་ཞིང་། མའོ་སུའུ་ཨར་ལྷོ་ངོས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཡོད། དེ་ནི་དབྱི་རག་གི་ཆེས་མིང་དུ་གྲགས་པའི་གནའ་རྫས་རྟོག་ཞིབ་བྱེད་ས་ཞིག་ཡིན། དབྱི་རག་སྲིད་གཞུང་གིས་ན་ནིང་བསྟན་དོན། གནའ་མཁར་དེར་ཐལ་སྤྱོད་ཉེས་ཅན་གྱི་གཏོར་བརླག་ཐེབས་བཞིན་ཡོད་ཟེར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ན་ནིང་ཟླ་བཞི་བ་ནས་བཟུང་ནེ་མུའུ་ལུའུ་ཏི་ནས་སྤེལ་བའི་བརྙན་རིས་ཤིག་ལས། མི་རེ་འགས་གནའ་མཁར་གྱི་རྩིག་ངོས་དང་སྐུ་བརྙན་སོགས་སྒྱུ་རྩལ་བརྩམས་ཆོས་ལ་གཏོར་བརླག་གཏོང་བཞིན་ཡོད་པ་རེད།

ཨ་མེ་རི་ཁའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་རག་དམག་དཔུང་མའོ་སུའུ་ཨར་གྱི་ཤར་འདབས་སུ་འབྱོར་ཡོད་པ་དང་། གྲོང་ཁྱེར་གྱི་མི་གྲངས་འདུས་ཚད་ཅུང་ཆེ་བས། མི་སེར་དཀྱུས་མར་རྨས་སྐྱོན་མི་ཐེབས་པའི་ཆེད་དུ་དབྱི་རག་དམག་དཔུང་གིས་དཔུང་འཇུག་གི་གོམ་སྟབས་ཇེ་དལ་དུ་བཏང་ཡོད་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།