ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་འཇིགས་སྐུལ་ལ་ངོ་རྒོལ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་དྲུག་པ་ཚེས་ཉེར་བདུན་ཉིན་མཱ་ཏཱ་ཀ་སི་ཁཱའི་རྒྱལ་ས་ཐཱ་ནཱ་ནཱ་ལེ་ཧྥོ་ནས་གྲོལ། གྲོས་ཚོགས་ནས་བསྒྲགས་གཏམ་སྤེལ་ཏེ། ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་བར་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་འགྲོ་བར་སྔོན་འགོག་བྱེད་པ་སོགས་གནད་དོན་ཐད་ནས་དགོས་ངེས་ཀྱི་མཉམ་ལས་བྱེད་དགོས་ཟེར།

བསྒྲགས་གཏམ་ལས་བཤད་རྒྱུར། ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་ས་ཁོངས་ཀྱི་རྒྱལ་ཁབ་མང་བོ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་པ་མང་བོར་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་བྱུང་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། ལག་རྡང་མཉམ་སྦྲེལ་གྱིས་ཐལ་སྤྱོད་རིང་ལུགས་ཀྱི་བསམ་བློ་དང་ཐལ་སྤྱོད་དྲག་ཤུགས་བྱ་སྤྱོད་སྔོན་འགོག་བྱེད་དགོས་ཟེར།

ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། དཔལ་འབྱོར་ཁྱབ་ཁོངས་ནས་རྒྱལ་ཁབ་ཕན་ཚུན་བར་གྱི་བཟོད་སྒོམ་དང་མཉམ་སྤྱོད་བྱས་ཏེ། དཔལ་འབྱོར་འཕར་སྣོན་ལ་ཡར་སྐུལ་བཏང་ནས། མང་ཚོགས་འབྱོར་ཕྱུག་ལྡན་པ་དང་མིག་སྔའི་ཨ་ཧྥེ་རི་ཁ་གླིང་གི་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་ས་ཁུལ་གྱི་འབུར་དུ་ཐོན་པའི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

དེ་དང་མཉམ་དུ་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ད་རུང་འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་དྲོར་འགྲོ་བའི་གནད་དོན་ལ་དོ་སྣང་བྱེད་རྒྱུ་ཡིན་པ་དདང་། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཕཱ་རེ་སིའི་གྲོས་ཆོད་མ་བཀོད་པའི་རྒྱལ་ཁབ་དག་གིས་གང་མགྱོགས་སྒོས་འགུལ་སྐྱོད་སྤེལ་ཏེ། གྲོས་ཆོད་དེར་འབྲེལ་ཡོད་རྒྱལ་ཁབ་ནས་མྱུར་མོར་གྲོས་འཆམ་འབྱུང་དུ་འཇུག་དགོས་པའི་རེ་བ་བཏོན།

ཚོགས་ཡུན་ཉིན་གཉིས་ཡིན་པའི་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་དྲུག་པ་དེ་ཚེས་ཉེར་དྲུག་ཉིན་ཐཱ་ནཱ་ནཱ་ལེ་ཧྥོ་ནས་ཚོགས་མགོ་བརྩམས་པ་དང་། ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་དང་ས་ཁུལ་གྱི་མགོ་ཁྲིད་པ་བཅུ་ལྷག་མཐོ་རིམ་གྲོས་ཚོགས་ལ་ཞུགས།

ཁོངས་གཏོགས་རྒྱལ་ཁབ་དག་གིས་ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བདུན་པ་དེ་ཉིས་སྟོང་བཅོ་བརྒྱད་ལོར་ཨེ་མེ་ནི་ཡཱ་ནས་ཚོགས་རྒྱུ་དང་། ཧྥ་རན་སིའི་སྐད་ཡིག་བཀོལ་བའི་རྒྱལ་ཁབ་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་བཅོ་བརྒྱད་པ་དེ་ཉིས་སྟོང་ཉི་ཤུ་ལོར་ཐུ་ནི་ཞི་ཡཱ་ནས་ཚོགས་རྒྱུ་ཐག་བཅད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།