ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཕྱོགས་གཅིག་ནས་མི་རིགས་རྒྱལ་སྐྱོབ་སྲིད་གཞུང་བཙུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པ་དང་དེའི་མནའ་མཐུན། སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧི་ཡིས་མགོ་ཁྲིད་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་བཅས་ཀྱིས་ཚེས་ཉེར་བརྒྱད་ཉིན་སཱ་པཱ་འཕྲིན་གཏོང་ཁང་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། མི་རིགས་རྒྱལ་སྐྱོབ་སྲིད་གཞུང་འཛུགས་རྒྱུ་ཁྱབ་སྒྲོག་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། མི་རིགས་རྒྱལ་སྐྱོབ་སྲིད་གཞུང་ནི་ཙུང་ལི་ཧཱ་པུའུ་ཐུའུ་ཨར་དང་པུའུ་ཀྲང་ཞེ་གཉིས་ཀྱིས་གྲུབ་པ་ཡིན་ཞིང་། ཧུའུ་སེ་དྲག་ཆས་པ་སཱ་ལེ་ཧི་མནའ་མཐུན་གྱི་ཆེས་མཐོའི་ཆབ་སྲིད་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ཡོད་ཟེར།

ཉིན་དེའི་སྔ་དྲོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཞེ་ཧི་ཨེ་ཧཱ་མེད་ཏི་ཡཱ་ཏེན་དུ་འབྱོར་ནས། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ལ་ཐུག་འཕྲད་བྱས་པ་དང་། ཡེ་མིན་གྱི་ཞི་བདེའི་འཕེལ་རིམ་ལ་ཡར་སྐུལ་གཏོང་དགོས་པའི་རེ་བ་བཏོན།

ད་ལོའི་ཟླ་བདུན་པའི་ཟླ་མཇུག་ལ། ཧུའུ་སེ་དྲག་ཆས་པ་དང་སཱ་ལེ་ཧི་ཡིས་ཆེས་མཐོའི་ཆབ་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པ་དང་། ཟླ་བཅུ་བའི་ཚེས་གཉིས་ཉིན་ཙུང་ལི་ཞིག་བསྐོ་འཇོག་བྱེད་རྒྱུ་དང་། དེར་དབང་ཆ་བསྩལ་ནས་མི་རིགས་རྒྱལ་སྐྱོབ་སྲིད་གཞུང་རྩ་འཛུགས་པའི་བྱེད་པའི་འགན་ཁུར་དུ་འཇུག་རྒྱུ་ཁྱབ་སྒྲོག་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།