ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཨ་ལེ་ཕའོ་གྲོང་ཁྱེར་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་ཕྱེད་ཙམ་ཕྱིར་འཕྲོག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་གྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨ་ལེ་ཕའོ་ནས་ཚོད་འཛིན་བྱེད་པའི་ས་ཁུལ་ཕྱེད་ཙམ་ཕྱིར་འཕྲོག་ལེན་བྱས་ཡོད་ཟེར།

མིང་བཤད་མི་འདོད་པའི་སི་རི་ཡཱའི་དམག་ཕྱོགས་ཀྱི་མི་སྣ་ཞིག་གིས་ཉིན་དེར་གསར་འགོད་པར་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་འདས་པའི་ཉིན་འགའི་ནང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཨ་ལེ་ཕའོ་གྲོང་ཁྱེར་ཤར་ཕྱོགས་ས་ཁུལ་ནས་སྲང་ལམ་བཅུ་ལྷག་དང་སྤྱི་ལེ་ངོས་སྙོམས་གྲུ་བཞི་པ་ཉི་ཤུ་ཙམ་གྱི་ས་ཕྱིར་འཕྲོག་ལེན་བྱས་ཡོད། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་གྲོང་ཁྱེར་དེར་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཞེ་ལྔ་ཙམ་ཡོད་པ་རེད་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མུ་མཐུད་ནས་ཨ་ལེ་ཕའོ་གྲོང་ཁྱེར་ཧྲིལ་བོ་ཕྱིར་འཕྲོག་ལེན་བྱེད་རག་བར་ཏུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་རེད་ཟེར།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དམག་དོན་འགུལ་སྐྱོད་སྤེལ་བ་དང་བསྟུན་ནས་མི་སེར་དཀྱུས་མ་སྟོང་གསུམ་ཙམ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་ནས་ཕྱིར་བྲོས་བྱོལ་བྱས། མི་སེར་དཀྱུས་མ་ཁག་ཅིག་གིས་སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དྲག་ཆས་ཉེས་ཅན་གྱིས་ཨ་ལེ་ཕའོ་གྲོང་ཁྱེར་གྱི་མིག་སྔའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ལ་འགན་ཁུར་དགོས་པ་དང་། ཁོ་ཚོས་དེའི་སྔོན་མི་སེར་དཀྱུས་མ་འཁྲུག་རྩོད་ཀྱི་སྐབས་སུ་ཁོ་ཚོས་ཚོད་འཛིན་བྱེད་པའི་ས་ཁུལ་དང་འབྲལ་བར་བཀག་འགོག་བྱས་པ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།