ཀྲུང་གོ་བོད་ཀྱི་དྲ་བ།

ཕན་ཅི་ཝུན་གྱིས་དབང་བོ་སྐྱོན་ཅན་ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་ཞུགས་སུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་གསུམ་ཉིན་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོར་ཞུ་ཚིག་ཕུལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། དབང་བོ་སྐྱོན་ཅན་ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་ཞུགས་སུ་འཇུག་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། ལོ་བཅུའི་སྔོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྤྱི་ཆིངས་ལ་གྲོས་འཆམ་བྱུང་། སྤྱི་ཆིངས་ཀྱི་སྐུལ་འདེད་འོག འཛམ་གླིང་ཡོངས་ཀྱིས་འདྲ་མཉམ་དང་བཟོད་སྒོམ། དབང་སྩོལ་བཅས་ཀྱི་ཁས་ལེན་དང་འགུལ་སྐྱོད་སྤེལ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་དང་། དབང་བོ་སྐྱོན་ཅན་གྱི་གནད་དོན་དེ་ཉིན་རེ་བཞིན་འཛམ་གླིང་ཡོངས་ཀྱི་འགྲོ་མིའི་ཐོབ་ཐང་དང་འཕེལ་རྒྱས་གྲོས་རིམ་ཁྲོད་འདྲེས་པར་བྱས་ཡོད་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་མགོ་རྩོམ་པའི་ལོ་ཐོག་མ་ཡིན་པ་དང་། གྲོས་རིམ་ལས་གཅིག་ལ་གཅིག་བརྟེན་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་བཅུ་བདུན་བཏོན་ཡོད་པར་མ་ཟད། མི་སུ་ཡིན་ཡང་རྗེས་ལ་ལུས་སུ་མི་འཇུག་པའི་དམ་བཅའ་བྱས། དམིགས་འབེན་དེ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་དབང་བོ་སྐྱོན་ཅན་དག་ཕྱོགས་ཡོངས་ནས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཁྲོད་ཞུགས་སུ་འཇུག་དགོས་ཟེར།

ཕན་ཅི་ཝུན་གྱིས་དབང་བོ་སྐྱོན་ལ་ཕྱོགས་རིས་ཀྱི་ལྟ་ཚུལ་འཛིན་པའི་རྣམ་འགྱུར་མེད་པར་བྱས་ཏེ། མི་ཚང་མའི་ཆེད་དུ་འགྲོ་འདུག་སྟབས་བདེ་ཞིང་བཟོད་སྒོམ་ལྡན་ལ། ཕན་ཐོགས་ཡོད་པའི་ཁོར་ཡུག་ཅིག་བསྐྲུན་ནས། དབང་བོ་སྐྱོན་ཅན་དག་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་ལག་བསྟར་དང་ལྟ་རྟོག་ཚད་འཇལ་འཕེལ་རིམ་ནང་ཞུགས་སུ་འཇུག་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་དབང་བོ་སྐྱོན་ཅན་ཐེར་འབུམ་གཅིག་ཡོད་པ་དང་། ཁོ་ཚོ་བཀག་རྒྱ་མང་བོར་འཕྲད་སྲིད་ལ། ནམ་རྒྱུན་སྤྱིར་བཏང་གི་མི་ཞིག་དང་འདྲ་བར་སློབ་གསོ་མྱོང་བ་དང་། ལས་ཞུགས་འགན་སྲུང་། དེ་མིན་སྤྱི་ཚོགས་ཀྱི་གཞི་རྩའི་ཞབས་ཞུ་གཞན་པ་དག་ལོངས་སུ་སྤྱོད་པར་དཀའ་ཁག་ཧ་ཅང་ཆེ།

མི་རྣམས་ཀྱིས་དབང་བོ་སྐྱོན་ཅན་ལ་དོ་སྣང་བྱེད་པར་སྐུལ་སློང་བྱེད་དགོས། གཅིག་སྟོང་དགུ་བརྒྱ་དོན་དྲུག་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་གཅིག་སྟོང་དགུ་བརྒྱ་གྱ་གཅིག་ལོ་ནི་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ལོ་ཡིན་པ་ཁྱབ་སྒྲོག་བྱས། གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོའི་ཟླ་བཅུ་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་ཞེ་བདུན་པའི་སྟེང་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་དེ་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་གྱི་ཉིན་མོང་གཏན་འཁེལ་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།