ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དབུས་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་སློབ་མ་བཅུ་གཅིག་རྐྱེན་ལམ་དུ་ཤོར་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་དབུས་ཕྱོགས་ཀྱི་ཞི་པའོ་ལི་ཡཱའི་ཧན་ཐི་མན་ཞི་རང་སྐྱོང་ས་ཁུལ་གྱི་མངའ་ཁོངས་སུ་ཚེས་བཞིའི་ཉིན་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། སློབ་མ་ཉེར་དགུ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོབ་བརྒྱབ་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་སློབ་མ་བཅུ་གཅིག་ཡོད།

བསྒྲགས་པ་ལྟར་ན། ཧན་ཐི་མན་ཞི་རང་སྐྱོང་ས་ཁུལ་གྱི་ནེ་ཧྥུའུ་ཅེ་ཡུག་ཀན་སི་ཁི་གྲོང་ཁྱེར་གྱི་ལུས་རྩལ་སློབ་གྲྭ་ཞིག་གི་ལོ་བཅུ་གཉིས་ནས་བཅུ་བཞིའི་བར་གྱི་སློབ་མ་ཉེར་དགུ་དང་སྣེ་ཁྲིད་དགེ་རྒན་གཉིས་བཅས་ཉིན་དེར་རང་སྐྱོང་ས་ཁུལ་གྱི་ཧན་ཐི་མན་ཞི་སི་ཁི་རུ་ལུས་རྩལ་འགྲན་བསྡུར་ལ་ཞུགས་རྗེས། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་གླས་ནས་ནེ་ཧྥུའུ་ཅེ་ཡུག་ཀན་སི་ཁི་གྲོང་ཁྱེར་དུ་ལོག འགྲུལ་སྐྱེལ་རླངས་འཁོར་དེ་སྤྱི་ལེ་སུམ་ཅུ་ཙམ་སོང་རྗེས་ལམ་འགྲམ་དུ་ཤུད་ནས་ཁ་གཏད་ཀྱི་ལམ་དུ་བགྲོད་པའི་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་པ་དང་། རླངས་འཁོར་ཆུང་བ་གཉིས་ཀྱི་ཡོལ་མ་ཐུབ་པར་ཐོ་བརྒྱབ་པ་རེད།

བསྒྲགས་པ་ལྟར་ན། ཨུ་རུ་སིའི་འཕྲོད་བསྟེན་པུའུ་ཡི་ཁོངས་སུ་གཏོགས་པའི་བྱིས་པའི་སྨན་ཁང་དང་། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་སོགས་ལས་ཁུངས་ཀྱི་ཆེད་མཁས་སྨན་པ་རྨས་མར་གསོ་བཅོས་བྱེད་སའི་སྨན་ཁང་དུ་འབྱོར་བ་དང་། འདས་པོའི་ཁྱིམ་མིར་སེམས་གསོ་དང་སྐྱིན་ཚབ་སྤྲོད་པའི་བྱ་བ་མགོ་བརྩམས་ཡོད། དེ་ལས་གཞན་རང་སྐྱོང་ས་ཁུལ་དེའི་སྲིད་གཞུང་གིས་ཚེས་ལྔ་ཉིན་ཐེངས་འདིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོར་མྱ་ངན་ཞུ་རྒྱུ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།