ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཁྲིམས་ཁང་གིས་དབྱི་ལིང་གི་གསང་མྱུལ་བ་བཅོ་ལྔར་སྲོག་ཁྲིམས་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་ཟླ་དང་པོར་སོ་ཏི་ཨ་རབ་དང་དབྱི་ལིང་གིས་འབྲེལ་ཐག་བཅད་པའི་རྗེས་སུ། སོ་ཏི་ཨ་རབ་ཁྲིམས་ཁང་གིས་ཡང་བསྐྱར་དབྱི་ལིང་གི་གསང་མྱུལ་བའི་ཚོགས་པར་ཁྲིམས་ཐག་བཅད། མཇུག་འབྲས་ལྟར་ན་མི་བཅོ་ལྔར་སྲོག་ཁྲིམས་བཅད་ཡོད།

སོ་ཏི་ཨ་རབ་ཀྱི་ལེ་ཡཱ་ཏི་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་གསང་མྱུལ་བའི་ཚོགས་པར་བསྡོམས་པས་མི་སོ་གཉིས་ཡོད་པ་དང་། མི་བཅོ་ལྔར་སྲོག་ཁྲིམས་བཅད་པ་དང་། གཞན་མི་བཅོ་ལྔར་ལོ་ཕྱེད་ནས་ལོ་ཉེར་ལྔའི་བར་གྱི་བཀག་སྐྱིལ་ཁྲིམས་ཐག་བཅད་ཡོད་ལ། དེའི་འཕྲོའི་མི་གཉིས་ལ་ཉེས་པ་མེད་པས་ཕྱིར་གཏོང་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། དོགས་ཡོད་ཉེས་ཅན་སོ་གཉིས་ཀྱི་གྲས་སུ་སོ་ཏི་ཨ་རབ་ཀྱི་མི་སུམ་ཅུ་དང་། དབྱི་ལིང་གི་མི་གཅིག ཨ་ཧྥུའུ་ཧན་གྱི་མི་གཅིག་བཅས་ཡོད། འཛིན་བཟུང་མ་བྱས་གོང་ཁོ་ཚོ་མང་ཆེ་བ་ནི་སོ་ཏི་ཨ་རབ་ཀྱི་རྒྱལ་སྲུང་པུའུ་དང་ནང་སྲིད་པུའུ་ཡི་ལས་བྱེད་མི་སྣ་ཡིན་པ་དང་། གཞན་ཡང་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅིག་དང་། བྱིས་ནད་ཚན་ཁག་གི་སྨན་པ་གཅིག དངུལ་ཁང་གི་སྤྱི་གཉེར་བ་གཅིག ཆོས་དཔོན་གཉིས་བཅས་ཡོད།

ཉིས་སྟོང་བཅུ་གསུམ་ལོར། སོ་ཏི་ཨ་རབ་ཀྱི་ཉེན་རྟོག་པས་མི་སོ་གཉིས་འཛིན་བཟུང་བྱས་པ་དང་། དེའི་རྗེས་སུ་སོ་ཏི་ཨ་རབ་ཀྱི་ཞིབ་དཔྱོད་ཕྱོགས་ཀྱིས་མི་སོ་གཉིས་བོ་དེ་གསང་མྱུལ་བའི་ཚོགས་པ་ཞིག་ཡིན་པར་སྐྱོན་འཛུགས་བྱས་ཤིང་། ཁོ་ཚོས་དབྱི་ལིང་གསང་འཕྲིན་ལས་ཁུངས་ལ་དམག་དོན་བརྡ་འཕྲིན་དང་བདེ་འཇགས་བརྡ་འཕྲིན་གཙོ་བོ་བརྒྱུད་སྤྲོད་བྱས་པ་དང་། སོ་ཏི་ཨར་བ་ཤར་ཕྱོགས་ཀྱི་ཧྲི་ཡེ་ཕྱོགས་ཁག་འདུས་སྡོད་བྱེད་སར་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་ངན་སྐུལ་བྱས་པར་མ་ཟད། སོ་ཏི་ཨ་རབ་ཀྱི་མཐོ་རིམ་དཔོན་པོར་ངོ་རྒོལ་བྱེད་པ་དང་དབྱི་ལིང་གི་གསང་མྱུལ་བ་བསྡུ་ལེན་བྱེད་པ་སོགས་ལ་འབྲེལ་བ་ཡོད་པར་བཤད།

ཚེས་དྲུག་ཉིན་ལེ་ཡཱ་ཏིའི་དམིགས་བསལ་ཉེས་དོན་ཁྲིམས་ཁང་གིས་ཁྲིམས་ཐག་བཅད་རྗེས། ཁྲིམས་ཆད་ཕོག་པའི་དོགས་ཡོད་ཉེས་ཅན་དག་རྒྱལ་ཁབ་གང་གི་ཡིན་པའི་ཐོབ་ཐང་གསལ་བོར་ཁྱབ་སྒྲོག་བྱས་མེད། སོ་ཏི་ཨ་རབ་ཀྱི་བཅའ་ཁྲིམས་ལྟར་ན། དོགས་ཡོད་ཉེས་ཅན་དེ་དག་གིས་ཁྲིམས་གཅོད་དེར་ཞུ་གཏུག་བྱས་ཆོག་པ་དང་། སྲོག་ཁྲིམས་གཅོད་པར་ངེས་པར་དུ་སོ་ཏི་ཨ་རབ་ཀྱི་རྒྱལ་བོས་ཆོག་མཆན་ཐོབ་ན་ད་གཟོད་ལག་བསྟར་བྱས་ཆོག་པ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།