ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ཁི་སི་ཐན་གྱིས་གནམ་གྲུའི་ཆག་སྒོའི་ཚེ་ལས་འདས་པའི་འདས་པོའི་བེམ་པོ་དབྱི་སི་ལན་པའོ་རུ་བསྐྱལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་ཚེས་བརྒྱད་ཉིན་བསྒྲགས་པ་ལྟར་ན། གནམ་གྲུའི་ཆག་སྒོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚང་མའི་བེམ་པོ་ཉིན་དེར་རྒྱལ་ཁབ་དེའི་བྱང་ཕྱོགས་ཀྱི་ཨ་པའོ་ཐཱ་པཱ་ཏི་ནས་རྒྱལ་ས་དབྱི་སི་ལན་པའོ་རུ་བསྐྱལ་ཡོད་པ་དང་། ཐོབ་ཐང་གསལ་འབྱེད་བྱས་རྗེས་འདས་པོའི་ཁྱིམ་མིར་སྤྲོད་རྒྱུ་རེད།

ཚེས་བདུན་ཉིན་གྱི་ཕྱི་དྲོར། ཕཱ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་བྱང་ཕྱོགས་ཀྱི་ཅི་ཏི་ལཱ་ཨར་ནས་རྒྱལ་ས་དབྱི་སི་ལན་པའོ་རུ་འཕུར་བའི་ལམ་བར་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་ཞེ་བརྒྱད་པོ་ཚང་མ་རྐྱེན་ལམ་དུ་ཤོར། དེའི་ནང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་བརྒྱད་དང་། འགྲུལ་བ་ཞེ་གཉིས། ལས་རེས་མི་སྣ་གཅིག་བཅས་ཡོད། འགྲུལ་བའི་ཁྲོད་ཨོ་སི་ཁྲུ་རི་ཡཱའི་མི་གཉིས་དང་ཀྲུང་གོའི་མི་གཅིག་ཡོད།

ཕཱ་ཁི་སི་ཐན་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་ཟིའི་ཀྲུའུ་ཞི་སེ་ཀི་ཨར་གྱིས་ཚེས་བདུན་ཉིན་གྱི་དགོང་མོར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཐེངས་འདིའི་གནམ་གྲུའི་ཆག་སྒོ་ནི་མིས་བཟོས་མིན་པར་བཤད་པ་དང་། དོན་རྐྱེན་དེར་རྟོག་ཞིབ་གསལ་བོ་བྱེད་རྒྱུའི་ཚུལ་བསྟན། ཕཱ་ཁི་སི་ཐན་གྱི་དམངས་སྤྱོད་མཁའ་འགྲུལ་དོ་དམ་སྡེ་ཁག་གི་དཔོན་པོ་ཞིག་གིས་བཤད་རྒྱུར། གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་ནི་སྒུལ་འཁོར་ཞིག་ལ་ཆག་སྐྱོན་བྱུང་བས་ཡིན་སྲིད་ཟེར།

སེ་ཀི་ཨར་གྱིས་བཤད་རྒྱུར། གནམ་གྲུའི་ཁ་ལོ་བས་ཚེས་བདུན་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་བཅུ་བཞིའི་སྟེང་དབྱི་སི་ལན་པའོ་གནམ་གྲུ་ཐང་ལ་སྒུལ་འཁོར་ཞིག་ལ་ཆག་སྐྱོན་བྱུང་བའི་གནས་ཚུལ་བཤད་པ་དང་། དེ་ནས་སྐར་མ་གཉིས་འགོར་རྗེས་འབྲེལ་ཐག་ཆད་པ་རེད་ཟེར།

རྒུད་སྐྱོབ་མི་སྣས་ཚེས་བདུན་ཉིན་གྱི་དགོང་མོར་སར་ལྷུང་བའི་གནམ་གྲུའི་གཞི་གྲངས་སྒམ་ཆུང་རྙེད་པ་དང་། ཧྥ་རན་སིའི་གནམ་གྲུའི་བཟོ་གྲྭར་སོང་ནས་གསང་གྲངས་འབྱེད་ནས་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོ་བྱེད་རྒྱུ་རེད།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཐེངས་འདིའི་གནམ་གྲུའི་ཆག་སྒོར་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། འབྲེལ་ཡོད་སྡེ་ཁག་གིས་འདས་པོའི་ཁྱིམ་མིར་རོགས་རམ་བྱེད་དགོས་པའི་རེ་བ་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།