ཀྲུང་གོ་བོད་ཀྱི་དྲ་བ།

རིམ་པ་མཐོ་བའི་རྒྱལ་སྤྱིའི་གྲོས་ཚོགས་སྟེང་ཕོ་མོ་འདྲ་མཉམ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བུད་མེད་དང་དབུལ་ཕོངས་ལ་དོ་སྣང་བྱེད་པའི་རིམ་པ་མཐོ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཚེས་བཅུ་དྲུག་ཉིན་དབྱི་ཐ་ལི་རྒྱལ་ཁབ་ཀྱི་རོ་མ་གྲོང་ཁྱེར་ནས་བསྡུས། ཚོགས་འདུར་ཞུགས་མཁན་རྣམས་ཀྱིས་ཕོ་མོ་འདྲ་མཉམ་ཡོང་བར་བྱེད་པ་དང་བུད་མེད་ལ་དབང་ཆ་བྱིན་ནས། དབུལ་ཕོངས་དང་བཀྲེས་ལྟོགས། འཚོ་བཅུད་ཀྱིས་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་རོགས་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཞིང་པའི་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་ཀི་ལཱ་ཆི་ཡ་ནོ་ཡིས་གྲོས་ཚོགས་སྟེང་བཤད་རྒྱུར། བུད་མེད་ཀྱིས་ཞིང་ལས་ངལ་རྩོལ་ཁྲོད་དུ་རྐང་འཛིན་གྱི་ནུས་པ་འདོན་བཞིན་ཡོད་དེ། བུད་མེད་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིང་ལས་ངལ་རྩོལ་ནུས་ཤུགས་ཀྱི་བརྒྱ་ཆའི་ཞེ་ལྔ་ཟིན་པ་དང་། གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡའི་ས་ཁུལ་ཁ་ཤས་ནས་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད། གྲངས་ཀ་འདི་དག་གིས་ཞིང་སྡེའི་བུད་མེད་ལ་འདྲ་མཉམ་གྱི་དབང་ཆ་སྟེར་རྒྱུ་དེའི་གལ་ཆེན་རང་བཞིན་མངོན་པར་མཚོན་ཡོད་ཟེར།

ཀི་ལཱ་ཆི་ཡ་ནོ་ཡིས་བཤད་རྒྱུར། བུད་མེད་ལ་གོ་སྐབས་བྱིན་ཚེ་ཞིང་ལས་ཀྱི་ཐོན་ཚད་དང་ཡོང་སྒོ་འཕར་བར་རོགས་རམ་བྱེད་ཐུབ་པ་དང་། རང་བྱུང་ཐོན་ཁུངས་ལ་དོ་དམ་སྔར་ལས་བཟང་པོ་བྱེད་ཐུབ་པ་མ་ཟད། མང་ཚོགས་ཀྱི་འཚོ་བཅུད་ཇེ་ལེགས་སུ་འགྲོ་ཐུབ་པ་དང་། ཕྲུ་གུ་སྐྱེ་བར་ཡང་འགན་སྲུང་ཡོད་པས། ཞིང་སྡེའི་བུད་མེད་ནི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་སྟོབས་ཤུགས་རེད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་མཉམ་ལས་དང་འཕེལ་རྒྱས་ཨུ་ཡོན་མུས་མུས་ཁྲ་ཡིས་བཤད་རྒྱུར། གལ་ཏེ་བུད་མེད་ལ་སྐྱེས་པ་དང་འདྲ་བའི་ཐོན་ཁུངས་ཐོབ་ཚེ། ཞིང་ལས་ཐོན་སྐྱེད་བྱེད་ཚད་སུམ་ཆའི་གཅིག་ཙམ་ཇེ་མཐོར་སོང་ནས། འཛམ་གླིང་གི་བཀྲེས་ལྟོགས་མྱོང་བཞིན་པའི་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཇེ་ཉུང་དུ་འགྲོ་ཐུབ། དེ་དང་མཉམ་དུ་བུད་མེད་ཀྱིས་ཡོང་སྒོའི་བརྒྱ་ཆའི་དགུ་བཅུ་ཁྱིམ་ཚང་དུ་སྟེང་ལ་བཀོལ་བཞིན་པས། གལ་ཏེ་བུད་མེད་ལ་དབང་ཆ་མང་ཙམ་བྱིན་ན་མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་འགྱུར་བའི་གནས་ཚུལ་རྩ་བ་ནས་བསྒྱུར་ཐུབ། གལ་ཏེ་ཨ་མ་བདེ་ཐང་ཡིན་ཞིང་འབྱོར་ཕྱུག་ལྡན་ལ། སློབ་གསོ་བཟང་པོ་ཐོབ་ཡོད་ཚེ། ཁོ་མོ་ཚོའི་བྱིས་པའི་མ་འོངས་པའི་མདུན་ལམ་ཡང་ཧ་ཅང་ཇེ་ལེགས་སུ་འགྲོ་ཐུབ་ཟེར།

མུས་མུས་ཁྲ་ཡིས་བཤད་རྒྱུར། གལ་ཏེ་དབུལ་ཕོངས་དང་བཀྲེས་ལྟོགས་རྩ་བ་ནས་སེལ་འདོད་ཚེ། ང་ཚོས་ངེས་པར་དུ་ཞིང་སྡེའི་བུད་མེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་པ་མ་ཟད། དེ་ཁྱིམ་ཚང་དང་སྤྱི་ཚོགས། ང་ཚོའི་མ་འོངས་པ་བཅས་ལ་མ་དངུལ་གཏོང་ཡུལ་དུ་བརྩི་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།