ཀྲུང་གོ་བོད་ཀྱི་དྲ་བ།

ཕན་ཅི་ཝུན་གྱིས་ཁོང་ཀོ་ཅིན་རྒྱལ་ཁབ་ཀྱི་ཕྱོགས་སོ་སོས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉེར་གཅིག་ཉིན་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཁོང་ཀོ་ཅིན་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་པ་སོ་སོས་རྒྱལ་ནང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་བཏང་ནས། རང་ཚོད་ཆེན་པོ་འཛིན་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ནང་དུ་བཤད་རྒྱུར། ཁོང་ཀོ་ཅིན་རྒྱལ་ཁབ་ཀྱི་ཕྱོགས་སོ་སོས་ཚེས་ཉེར་གཅིག་ཉིན་ཡང་བསྐྱར་གྲོས་མོལ་བྱས་པ་དང་། ཕན་ཅི་ཝུན་གྱིས་ཕྱོགས་སོ་སོས་ལྷག་བསམ་རྣམ་དག་དང་འཛུགས་སྐྲུན་རང་བཞིན་གྱི་སྒོ་ནས་གྲོས་མོལ་བྱས་ཏེ། རྩ་ཁྲིམས་ལྟར་དུ་བར་བརྒལ་བཀོད་སྒྲིག་དང་འདེམ་བསྐོའི་འབྲེལ་ཡོད་དོན་དག་ཐག་གཅོད་དགོས་པའི་འབོད་སྐུལ་བཏང་། ཕན་ཅི་ཝུན་གྱིས་ཆབ་སྲིད་ཀྱི་མགོ་ཁྲིད་པ་སོ་སོས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་ནས། གྲོས་མོལ་ལེགས་འགྲུབ་འབྱུང་བ་དང་། དེའི་རྗེས་སུ་མྱུར་ཞིང་ཡོངས་བསྒྲགས་ཡིན་ལ་ཡིད་རྟོན་རུང་བའི་འདེམ་བསྐོ་བསྡུ་བར་ཕན་པའི་ཁོར་ཡུག་ཅིག་སྐྲུན་དགོས་པའི་འབོད་སྐུལ་བཏང་ཟེར།

གསལ་སྒྲོག་ནང་དུ་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཁོང་ཀོ་ཅིན་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་མི་སྣར་ཤི་རྨས་བཟོས་པར་སེམས་སྡུག་བྱས་པ་དང་། ཁོང་ཀོ་ཅིན་སྲིད་གཞུང་གིས་དྲག་ཤུགས་བྱ་སྤྱོད་དེར་བརྟག་དཔྱད་བྱེད་རྒྱུ་མ་ཟད་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། དེ་དང་མཉམ་དུ་ཁོས་ངོ་རྒོལ་ཕྱོགས་ཁག་དང་བཅས་པའི་ཕྱོགས་སོ་སོས་རང་ཚོད་ཆེན་པོ་འཛིན་དགོས་པའི་འབོད་སྐུལ་བཏང་ཟེར།

ཁོང་ཀོ་ཅིན་སྲིད་གཞུང་གི་མགྲིན་ཚབ་པ་པེ་ཨར་མིན་ཏི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ས་ཆ་མང་པོ་ནས་ཚེས་བཅུ་དགུ་ཉིན་དང་ཚེས་ཉི་ཤུ་ཉིན་ཙུང་ཐུང་ཁ་པེ་ལཱར་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་རྔམ་སྟོན་བྱུང་བ་དང་། རྒྱལ་ས་ཁེན་སཱ་ནས་བྱུང་བའི་ཉེན་རྟོག་དང་མང་ཚོགས་བར་གྱི་འཁྲུག་རྩོད་ཁྲོད་དུ་མི་དགུ་རྐྱེན་ལམ་དུ་ཤོར་ཟེར།

མ་གཞིར་ད་ལོའི་ལོ་སྨད་ལ་བསྡུ་རྩིས་ཡོད་པའི་ཁོང་ཀོ་ཅིན་རྒྱལ་ཁབ་ཀྱི་འདེམ་བསྐོ་ཆེན་མོ་དེ་དུས་ལྟར་དུ་བསྡུ་མ་ཐུབ་པས། ངོ་རྒོལ་ཕྱོགས་ཁག་གིས་དེར་ངོ་རྒོལ་བྱས་ཏེ། ཙུང་ཐུང་ཁ་པེ་ལཱ་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་འགན་ཡུན་མཇུག་རྫོགས་རྗེས་སྲིད་སྟེགས་ལས་འབབ་དགོས་པའི་རེ་བ་བཏོན། ཟླ་བཅུ་གཉིས་པའི་མགོར། ཁོང་ཀོ་ཅིན་གྱི་གནམ་བདག་ཆོས་ཚོགས་ཀྱི་བར་འདུམ་འོག་ཏུ། ཕྱོགས་སོ་སོས་གསར་དུ་ཆབ་སྲིད་གྲོས་མོལ་བྱས་པ་དང་། དེའི་དམིགས་ཡུལ་ནི་འདེམ་བསྐོ་དང་དབང་ཆ་སྤྲོད་ལེན་སོགས་ཀྱི་གནད་དོན་ཐད་ཐུན་མོང་གི་ལྟ་བ་བྱུང་ནས། ཁ་པེ་ལཱའི་འགན་ཡུན་མཇུག་རྫོགས་རྗེས་རྒྱལ་ནང་དུ་ཟིང་འཁྲུག་མི་འབྱུང་བར་བྱེད་རྒྱུ་དེ་རེད། ཚེས་ཉི་ཤུ་ཉིན་གྱི་ཞོགས་པར་བར་བརྒལ་སྲིད་གཞུང་བཙུགས་པ་ཁྱབ་སྒྲོག་བྱས་རྗེས། ཙུང་ཐུང་གིས་མུ་མཐུད་འགན་ཁུར་བར་ངོ་རྒོལ་བྱེད་མཁན་རྣམས་སྲང་ལམ་དུ་སོང་ནས་རྔམ་སྟོན་ཁྲོམ་སྐོར་བྱས་པ་རེད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།