ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་སྲིད་གཞུང་གིས་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སུའུ་ཏན་སྲིད་གཞུང་གིས་ཚེས་བཅོ་ལྔ་ཉིན་སུའུ་ཏན་གྱི་འཁྲུག་རྩོད་ས་ཁུལ་གྱིས་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཡང་བསྐྱར་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

སུའུ་ཏན་སྲིད་གཞུང་གི་ཙུང་ཐུང་པཱ་ཞེ་ཨར་གྱིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་སྟེང་ཁྱབ་སྒྲོག་བྱས་དོན། སྲིད་གཞུང་གིས་ཆིན་ནེ་ལོ་ཀྲིག་དང་། ནན་ཁི་ཨར་ཏའོ་ཧྥན་ཀྲིག ཏཱ་ཨར་ཧྥུའུ་ཨར་ས་ཁུལ་བཅས་ནས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཟླ་ངོ་དྲུག་གིས་ཇེ་རིང་དུ་གཏོང་རྒྱུ་ཡིན་ཟེར། པཱ་ཞེ་ཨར་གྱིས་ནན་གྱིས་བསྟན་དོན། སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་གྲོས་མོལ་གྲུབ་འབྲས་དངོས་འབེབ་བྱེད་པའི་དམ་བཅའ་ལག་བསྟར་བྱེད་རྒྱུ་མ་ཟད། རྒྱལ་ཡོངས་གྲོས་མོལ་གྲོས་ཚོགས་ཀྱི་ཡིག་ཆ་འགོད་པའི་སྒོ་གླེགས་དེ་ངོ་རྒོལ་ཕྱོགས་ཁག་སོ་སོར་ཡངས་པོར་ཕྱེས་ཡོད་ཟེར།

སུའུ་ཏན་སྲིད་གཞུང་གི་དམག་དཔུང་གིས་ཉིས་སྟོང་བཅུ་གཅིག་ལོ་ནས་བཟུང་ངོ་རྒོལ་ཕྱོགས་ཁག་སུའུ་ཏན་མི་དམངས་བཅིངས་འགྲོལ་འགུལ་སྐྱོད་བར་འཁྲུག་རྩོད་བྱས། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དྲུག་པར་པཱ་ཞེ་ཨར་གྱིས་ཕྱོགས་གཅིག་ནས་ཟླ་ངོ་བཞིའི་རིང་འཁྲུག་རྩོད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་བར། པཱ་ཞེ་ཨར་གྱིས་ཕྱོགས་གཅིག་ནས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་དེ་ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་བར་ཟླ་ངོ་གཉིས་ཀྱིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་རེད། ཟླ་ངོ་དེར་སུའུ་ཏན་རྒྱལ་ཡོངས་ཀྱི་གྲོས་མོལ་ཚོགས་འདུ་སྤེལ་བ་དང་། གྲོས་མོལ་ལ་ཞུགས་པའི་ཏང་ཁག་སོ་སོ་དང་དྲག་ཆས་ཚོགས་ཁག་སོ་སོའི་འཐུས་མིས་གནད་དོན་མང་བོ་ཐད་ནས་གྲོས་མཐུན་བཀོད། གྲོས་ཚོགས་ཀྱི་ཡིག་ཆ་དེ་སུའུ་ཏན་གྱིས་རྩ་ཁྲིམས་གསར་བ་རྩོམ་འབྲི་བྱེད་པའི་རྨང་གཞིར་བྱས་ཡོད། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་པཱ་ཞེ་ཨར་གྱིས་འཁྲུག་རྩོད་མཚམས་འཇོག་པའི་ཡུན་ཚད་ཡང་བསྐྱར་ཟླ་ངོ་གཅིག་གིས་ཇེ་རིང་དུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།