ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དཔོན་རིགས་ཀྱིས་ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་དུ་སྔར་བཞིན་འཁྲུག་རྩོད་རེ་འགའ་འབྱུང་བཞིན་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཚེས་བཅུ་དྲུག་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བཤད་རྒྱུར། ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་དུ་སྔར་བཞིན་འཁྲུག་རྩོད་རེ་འགའ་འབྱུང་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཉིན་དེར་མེན་སི་ཁི་ནས་ད་ལོའི་གྲོས་མོལ་ཐོག་མ་མཇུག་སྒྲིལ་བར་བྱས། སཱ་དབྱེ་ཏིས་ཁི་ཡིས་དེའི་རྗེས་སུ་གསར་འགྱུར་ལས་རིགས་ལ་ཁྱབ་སྒྲོག་བྱས་དོན། ན་ནིང་ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན་མཇུག་སྒྲིལ་བའི་སྐོར་ཐེངས་སྔོན་མའི་གྲོས་མོལ་ནས་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན་ནས་བཟུང་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་འཇོག་པར་གྲོས་འཆམ་བྱུང་ཡང་། ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་གང་ལེགས་མ་བྱས་པར། འཁྲུག་རྩོད་དོན་རྐྱེན་དེ་འགའ་འབྱུང་བཞིན་ཡོད་ལ། སྐབས་ལ་ལར་གཏན་འགོག་བྱས་པའི་མཚོན་ཆ་ཆེ་གྲས་ཀྱང་བེད་སྤྱོད་བྱེད་བཞིན་ཡོད་ཟེར།

ཁོས་ད་རུང་དགའ་འོས་པའི་འགྱུར་ལྡོག་གཉིས་གླེང་བྱུང་། གཅིག་ནི་ད་ལོའི་ཚུན་ལ། ཝུའུ་ཁི་ལན་གྱི་ལུའུ་ཀན་སི་ཁི་ཀྲིག་གི་དམངས་ཁྲོད་དྲག་ཆས་པས་ཚོད་འཛིན་བྱེད་པའི་ཆུ་འདོན་དང་གློག་འདོན་སླར་གསོ་བྱུང་ཡོད་པ་དང་། གཉིས་ནི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མི་གཏའ་ཕྱིར་གཏོང་བའི་ཐད་ནས་རྣམ་འགྱུར་ལེགས་པོ་སྟོན་བཞིན་ཡོད། ན་ནིང་ལོ་མཇུག་ལ་ཝུའུ་ཁི་ལན་སྲིད་གཞུང་གིས་མི་གཏའ་བཅོ་ལྔ་དང་དམངས་ཁྲོད་དྲག་ཆས་པས་མི་གཏའ་གསུམ་ཕྱིར་བཏང་། ཐེངས་འདིའི་གྲོས་མོལ་ལས་ཕྱོགས་གཉིས་ཀྱིས་ཚེས་བཅོ་བརྒྱད་ཉིན་བརྙན་རིས་གྲོས་ཚོགས་བརྒྱུད་དེ་མུ་མཐུད་དུ་མི་གཏའ་བརྗེ་སྤོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུའི་གྲོས་ཐག་བཅད་ཡོད།

སཱ་དབྱེ་ཏིས་ཁི་ཡིས་ཁྱབ་སྒྲོག་བྱས་དོན། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་ཟླ་གཉིས་པའི་ཚེས་གཅིག་ཉིན་མེན་སི་ཁི་ནས་སྤེལ་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།