ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལས་གཞི་གཞི་རྒྱ་ཆེ་བའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་ནུས་ཁུངས་ལས་དོན་གྱི་བློན་ཆེན་ཧྥ་ལེ་ཧི་ཡིས་ཚེས་བཅུ་དྲུག་ཉིན་ཨ་པུའུ་ཀྲ་པུས་ནས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་གླེང་སྟེགས་སྐབས་སུ་བསྟན་དོན། ཉེ་སྔོན་སོ་ཏི་ཨ་རབ་ཀྱིས་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལས་གཞི་འཕེལ་རྒྱས་སུ་གཏོང་བའི་དུས་རིམ་དང་པོའི་ཚོང་འགུག་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར།

ཧྥ་ལེ་ཧི་ཡིས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་མ་འོངས་པའི་གཟའ་འཁོར་འགའི་ནང་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལས་གཞི་ཆེན་མོའི་དུས་རིམ་དང་པོའི་ཚོང་འགུག་བྱ་འགུལ་མགོ་རྩོམ་རྒྱུ་ཡིན་པ་དང་། དེར་མེ་སྒོར་ཐེར་ཆེན་གསུམ་ནས་ཐེར་ཆེན་ལྔ་མཁོ་ཟེར།

ཁོས་བསྟན་དོན། ཉེ་བའི་ལོ་འགའི་རིང་སོ་ཏི་ཨ་རབ་ཀྱི་དཔལ་འབྱོར་ཐད་གཞི་རྒྱ་ཆེ་བའི་བཅོས་བསྒྱུར་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་རང་གི་དཔལ་འབྱོར་དེ་རྡོ་སྣུམ་སྔོག་འདོན་ཁོ་ནར་བརྟེན་རྒྱུ་མིན་ཟེར།

ཧྥ་ལེ་ཧི་ཡིས་བཤད་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཉིས་སྟོང་ཉེར་གསུམ་ལོའི་སྔོན་ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་ལ་བརྟེན་ནས་རྒྱལ་ཁབ་རང་ལ་ནུས་ཁུངས་ཝ་ཐེར་ཆེན་བརྒྱ་ཙམ་ཐོན་སྐྱེད་བྱེད་རྒྱུའི་འཆར་གཞི་ཡོད་ལ། གཙོ་བོ་ཉི་འོད་ནུས་པ་དང་རླུང་ནུས་ལ་བརྟེན་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།