ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཕྱི་འབྲེལ་བློན་ཆེན་ཟླ་གཉིས་པར་འཇར་མན་དུ་སོང་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲའོ་ཅོན་ཧི་ཡིས་ཚེས་ཉེར་བཞིའི་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཕྱི་འབྲེལ་བློན་ཆེན་དབྱེ་པེན་ཧྲི་ཟླ་གཉིས་པའི་ཟླ་དཀྱིལ་དུ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་དང་མའོ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་རྒྱུ་རེད་ཟེར།

ཀྲའོ་ཅོན་ཧི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། དབྱེ་པེན་ཧྲི་ཟླ་གཉིས་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་འཇར་མན་གྱི་པའོ་ཨིན་ནས་འཚོག་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། ཟླ་གཉིས་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་མའོ་ནེ་ཧེའི་བདེ་འཇགས་གྲོས་ཚོགས་ལ་ཞུགས་རྒྱུ་རེད་ཟེར།

གོ་སྐབས་དེ་དང་བསྟུན་ནས་དབྱེ་པེན་ཧྲི་ཡིས་རྒྱལ་ཁབ་གཙོ་བོའི་ཕྱི་འབྲེལ་བློན་ཆེན་དང་གྲོས་མོལ་བྱེད་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱེ་པེན་ཧྲི་ཡིས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གྱི་མིང་འདོན་མཁན་ཏིས་ལེ་སིན་ལ་ཐུག་འཕྲད་བྱེད་མིན་ལ་ཀུན་གྱིས་དོ་སྣང་བྱེད་བཞིན་ཡོད། ཏིས་ལེ་སིན་གྱི་མིང་འདོན་ལ་རྒྱལ་ཚོགས་ནས་གྲོས་འཆམ་བྱུང་ནས་དངོས་སུ་འགན་ཁུར་རྗེས་གོང་གི་གྲོས་ཚོགས་དེ་གཉིས་ལ་ཞུགས་སྲིད་པ་དང་། སྐབས་ཐོག་དེར་ཧན་གོ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་འཇར་མན་དུ་གྲོས་མོལ་བྱེད་པའི་རེ་བ་ཡོད་ཟེར།

ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། འཇར་མན་དུ་འཚམས་འདྲི་བྱེད་སྐབས་དབྱེ་པེན་ཧྲི་ཡིས་ད་རུང་སོ་སོར་ཀྲུང་གོ་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱེད་ངེས་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།