ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་གདན་ཞུས་ལྟར་ཟླ་གཉིས་པའི་ཟླ་སྨད་ལ་ཨ་མེ་རི་ཁའི་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

d9838524fce3ac0903e5a39f4ae453dd.jpg

ཐི་ལིང་ཕུའུ་ཡི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་རོས་ཨན་གྱིས་ཚེས་ཉེར་བཞིའི་ཉིན་རྒྱལ་ཚོགས་རི་བོ་ནས་ཁྱབ་སྒྲོག་བྱས་དོན། ཁོས་ཨ་མེ་རི་ཁའི་ཙུང་ཐུང་གསར་བ་ཐི་ལིང་ཕུའུ་ཡིས་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་རྒྱལ་ཚོགས་དམངས་གྲོས་ཁང་དང་གྲོས་ཞུགས་ཁང་གི་མཉམ་ཞུགས་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བར་གདན་ཞུ་བྱས་ཡོད་ཟེར། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སི་པེན་སེ་ཡིས་ཉིན་དེར་བསྟན་དོན། ཐི་ལིང་ཕུའུ་ཡིས་གདན་ཞུ་དེ་དང་ལེན་བྱས་ཡོད་ཟེར།

རོས་ཨན་གྱིས་ཉིན་དེར་རྒྱལ་ཚོགས་རི་བོ་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐེངས་འདིའི་གཏམ་བཤད་ནི་ཨ་མེ་རི་ཁའི་མི་དམངས་དང་རྒྱལ་ཚོགས་གྲོས་མི་ཚོས་ཐད་ཀར་ཙུང་ཐུང་གསར་བའི་རྒྱང་རིང་གི་དམིགས་འབེན་དང་སྲིད་སྐྱོང་གི་ཁ་ཕྱོགས་གཙོ་བོར་ཉན་པའི་གོ་སྐབས་ཤིག་ཡིན་ཟེར། ཁོས་བཤད་རྒྱུར། ཝ་ཧྲིན་ཐོན་ཆབ་སྲིད་ཚོགས་ཁག་ལ་དུས་ཡུན་རིང་བོར་ཐད་ཀར་དུ་རྒྱལ་ཁབ་ཀྱི་འགྲན་རྩོད་ལ་གདོང་གཏོད་པའི་སྤོབས་པ་མེད་ལ། ཨ་མེ་རི་ཁར་བློ་སྤོབས་ཆེ་བ་དང་ལག་ལེན་དུ་བསྟར་ཐུབ་པ། ཐག་གཅོད་ནུས་པ་ལྡན་པའི་སྲིད་གཞུང་ཞིག་མཁོ་གལ་ཆེ་ཟེར།

རོས་ཨན་གྱིས་བསྟན་དོན། ཁོས་ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཐི་ལིང་ཕུའུ་དང་ཙུང་ཐུང་གཞོན་པ་ཕིན་སི་གཉིས་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་ཐེངས་ཤིག་བྱས་པ་དང་། ནང་དོན་ནི་སྨན་བཅོས་བཅོས་བསྒྱུར་དང་ཁྲལ་བསྡུའི་བཅོས་བསྒྱུར། དམག་དཔུང་འཛུགས་སྐྲུན་ལ་ཤུགས་སྣོན་པ། མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་གྲོས་གཞིར་འབྲེལ་ཡོད་ཟེར། ཁོས་བསྟན་དོན། ཕོ་བྲང་དཀར་པོ་དང་རྒྱལ་ཚོགས་ཀྱིས་དམ་བཅའ་བརྩི་སྲུང་བྱས་ཏེ། གང་མགྱོགས་སྒོས་ཨོ་པཱ་མཱའི་སྨན་བཅོས་འགན་སྲུང་བཅའ་ཁྲིམས་འཆར་ཟིན་མེད་པར་གཏོང་དགོས་ཟེར། ཁོས་ད་རུང་གྲོས་ཞུགས་ཁང་གིས་མྱུར་དུ་ལས་འགན་ཁུར་བར་སྒུག་ཡོད་པའི་འཕྲོད་བསྟེན་དང་མང་ཚོགས་ཞབས་ཞུའི་པུའུ་ཀྲང་ཕུའུ་ལེ་སི་ཡི་མིང་འདོན་ལ་གྲོས་མཐུན་འགོད་དགོས་པའི་འབོད་སྐུལ་བཏང་།

རྒྱུན་སྲོལ་ལྟར་ན། གྲོས་ཞུགས་ཁང་གི་གྲོས་དཔོན་གྱིས་ཙུང་ཐུང་གསར་བས་ཐོག་མར་འགན་ཁུར་བའི་སྐབས་སུ་ཁོ་གདན་ཞུ་བྱས་ཏེ་རྒྱལ་ཚོགས་ནས་གཏམ་བཤད་སྤེལ་དུ་འཇུག་པ་ཡིན། གཏམ་བཤད་དེར་རྒྱལ་ཁབ་ཀྱི་གནས་ཚུལ་སྙན་ཞུ་ལྟ་བུའི་མིང་བཏགས་མེད་ཀྱང་། གཏམ་བཤད་ཀྱི་ནང་དོན་གཙོ་བོ་ནི་ཙུང་ཐུང་གསར་བས་རང་གི་སྲིད་འཛིན་བསམ་ཕྱོགས་དང་བྱ་གཞག་གཙོ་བོ་རྒྱས་བཤད་བྱེད་པ་དེ་ཡིན།

མིག་སྔར་བར་ཐི་ལིང་ཕུའུ་ཡིས་རང་ཉིད་ཀྱི་ད་ལོའི་ཟླ་གཉིས་པའི་གཏམ་བཤད་ཀྱི་གྲོས་གཞི་གཙོ་བོ་དེ་དག་གསལ་བོར་མ་བཤད་ཀྱང་། ཐི་ལིང་ཕུའུ་ཡིས་ཉེ་སྔོན་ཐུག་འཕྲད་ཀྱི་བཀོད་སྒྲིག་དང་རྣམ་འགྱུར་སོགས་ལ་གཞིགས་ན། ཐི་ལིང་ཕུའུ་ཡིས་གཏམ་བཤད་ཁྲོད་མུ་མཐུད་དུ་དཔལ་འབྱོར་འཕར་སྣོན་དང་ལས་ཞུགས། རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན། དེ་མིན་ཉོ་ཚོང་སྲིད་ཇུས་སོགས་ནང་དོན་གཙོ་བོར་བཟུང་ནས་ནན་བཤད་བྱེད་ངེས་རེད།    །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།