ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་ཕྱི་རྒྱལ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ཁ་ཤས་ཀྱིས་ལུགས་རྙིང་ལོ་སར་བསུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་བཅུ་བདུན་ལོའི་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པ་དང་ཕྱི་རྒྱལ་དུ་སྡོད་པའི་གཞུང་ཚབ་ཁང་ཁ་ཤས་ཀྱིས་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས་ནས། རྒྱ་ཆེའི་ཕྱིར་སྡོད་རང་མི་དང་ཕྱི་འགྲིམ་སློབ་མ། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་ལས་བཟོ་པ་སོགས་དང་མཉམ་དུ་དགའ་དགའ་སྤྲོ་སྤྲོའི་ངང་ལོ་སར་བསུས།

ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ཚོགས་པས་སྡོད་གནས་ནས་ཀྲུང་གོའི་རྒྱལ་སྤྱིའི་ལས་བཟོ་པའི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་འཐུས་ཚབ་ལིག་ཅེ་དབྱི་དང་། འཐུས་ཚབ་གཞོན་པ་ཝུའུ་ཧེ་ཐའོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཝུའུ་ཧུང་པོ། ཀྲུང་གོའི་རྒྱལ་སྤྱིའི་ལས་བཟོ་པ་དང་ལས་རིགས་སོ་སོའི་གྲོགས་པོ་བཅས་མི་སུམ་བརྒྱ་ཙམ་སྣེ་ལེན་ཚོགས་འདུར་ཞུགས་ལ། ཚོགས་ར་རུ་དགའ་སྤྲོའི་དཔལ་གྱིས་ཁེངས།

ཀྲུང་གོའི་ཨ་མེ་རི་ཁ་རུ་སྡོད་པའི་གཞུང་ཚབ་ཁང་གིས་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཀྲུང་གོའི་ཨ་མེ་རི་ཁ་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ཚོས་ཐེན་ཁའེ་ཡིས་ཨ་མེ་རི་ཁ་ན་ཡོད་པའི་ཀྲུང་གོ་པ་དང་ཕྱི་འགྲིམ་སློབ་མ། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཀྱི་མི་སྣ་བཅས་ལ་ལོ་སར་གྱི་སྨོན་འདུན་དང་འཚམས་འདྲི་ཞུས། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོ་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་མཚོན་ན་སྔ་འཛིན་ཕྱི་གཏོད་ཀྱི་ལོ་ཞིག་ཡིན་པ་དང་། འགྲན་རྩོད་དང་གོ་སྐབས་གཉི་གར་འཕྲད་ཡོད་པས། མཉམ་ལས་ནི་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་ཡང་དག་པའི་གདམ་གསེས་ཉག་ཅིག་ཡིན་ཟེར།

ཨ་མེ་རི་ཁའི་ཧྥེ་ལ་ཏི་ཨར་ཧྥེ་ཡ་གྲོང་ཁྱེར་གྱི་འགོ་གཙོ་ཅི་མུའུ་ཁིན་ཉི་དང་བཅས་པའི་སྐུ་མགྲོན་བརྒྱ་ཕྲག་ལྷག་ཀྲུང་གོའི་ཉིག་ཡའོ་གྲོང་ཁྱེར་དུ་སྡོད་པའི་གཞུང་དོན་ཁང་གི་ལུགས་རྙིང་ལོ་སར་གྱི་སྣེ་ལེན་ཚོགས་འདུར་ཞུགས། སྤྱིའི་གཞུང་ཚབ་པ་ཀྲང་ཆི་ཡེའོ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཨ་མེ་རི་ཁའི་ཉོ་ཚོང་གི་གྲོགས་པོ་ཆེས་ཆེན་པོར་གྱུར་ཡོད་པ་དང་། ད་ལྟ་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་འོག་ཏུ། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་སྔས་ལས་ཀྱང་མཉམ་དུ་འབད་བརྩོན་བྱས་ཏེ། དཀའ་ངལ་མཉམ་སེལ་བྱེད་དགོས་ཟེར།

ཨུ་རུ་སི་ན་ཡོད་པའི་ཀྲུང་གོ་པ་བཞི་བརྒྱ་ལྷག་ཀྲུང་གོའི་ཨུ་རུ་སི་རུ་སྡོད་པའི་གཞུང་ཚབ་ཆེན་མོ་ལིས་ཧོས་བཟའ་ཟླ་གཉིས་ཀྱིས་གདན་དྲངས་པ་ལྟར། དགའ་སྤྲོའི་ངང་མཉམ་དུ་འཛོམས་ནས་ལོ་སར་གྱི་སྣེ་ལེན་ཚོགས་འདུར་ཞུགས། ལིས་ཧོས་ཀྱིས་བཤད་རྒྱུར། ཉིས་སྟོང་བཅུ་བདུན་ལོར་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་མུ་མཐུད་དུ་ཆུ་ཚད་མཐོན་པོས་གོང་འཕེལ་དུ་འགྲོ་རྒྱུ་ཡིན་ལ། མཐོ་རིམ་འགྲོ་འོང་སྔར་ལས་ཇེ་ཟབ་དང་དངོས་གཉེར་མཉམ་ལས་བརྟན་བརླིང་སྒོས་སྤེལ་རྒྱུ་རེད། ཨུ་རུ་སི་རུ་ཡོད་པའི་རྒྱ་ཆེའི་ཀྲུང་གོ་པས་གོ་སྐབས་དམ་འཛིན་དང་སེམས་ཤུགས་གཅིག་སྒྲིལ། གསར་སྤེལ་ཡར་བརྩོན་གྱིས་ཀྲུང་གོ་དང་ཨུ་རུ་སིའི་མཛའ་མཐུན་ལས་དོན་གོང་འཕེལ་དུ་གཏོང་བར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

ཀྲུང་གོའི་ཁྲའོ་ཞན་དུ་སྡོད་པའི་གཞུང་ཚབ་ཁང་གིས་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ཁུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་དབྱིན་ཏ་སྣེ་ལེན་ཚོགས་འདུར་ཞུགས། ཀྲུང་གོའི་ཁྲའོ་ཞན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ལིས་ཅིན་ཅོན་གྱིས་བཤད་རྒྱུར། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་གོང་འཕེལ་དུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁྲའོ་ཞན་ཕྱོགས་དང་མཉམ་དུ་སྔར་སྲོལ་རྒྱུན་འཛིན་དང་མཉམ་ལས་ལ་ཤུགས་སྣོན། འགྲན་རྩོད་གོ་སྐབས་སུ་བསྒྱུར་བ་བཅས་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་སྲིང་དང་བདེ་ཐང་། བརྟན་འཇགས་བཅས་ཀྱི་སྒོ་ནས་གོང་འཕེལ་དུ་གཏོང་འདོད་ཡོད་ཟེར། ཅིན་དབྱིན་ཏ་ཡིས་ལོ་གསར་བའི་ནང་དུ་ཕྱོགས་གཉིས་ཀྱིས་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་དུ་གཏོང་དགོས་ཞེས་བཤད།

ཀྲུང་གོའི་འཇར་པན་དུ་སྡོད་པའི་གཞུང་ཚབ་ཁང་གིས་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། ཀྲུང་གོའི་འཇར་པན་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཁྲིན་ཡུང་ཧྭ་ཡིས་ཤིས་ཚིག་འབུལ་སྐབས། ཉིས་སྟོང་བཅུ་བདུན་ལོར་ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གྱུར་ནས་ལོ་ཞེ་ལྔ་ལོན་པ་ཡིན་པས། འཇར་པན་དུ་སྡོད་པའི་ཀྲུང་གོ་པས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་གོམས་སྲོལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། མེས་རྒྱལ་དང་ཕ་ཡུལ་གྱི་འཕེལ་རྒྱས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་གང་ལེགས་བྱེད་དགོས་ལ། རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་བརྗེ་རེས་ལ་མུ་མཐུད་ཡར་སྐུལ་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་ཐད་བྱས་རྗེས་གསར་བ་འཇོག་དགོས་ཞེས་བཤད།

ཀྲུང་གོའི་ཨེ་ཅིབ་ཏུ་སྡོད་པའི་གཞུང་ཚབ་ཁང་གིས་ཨེ་ཅིབ་ཀྱི་རྒྱལ་ས་ཁའེ་རོ་ཡི་ཉི་ལོ་གཙང་པོའི་འགྲམ་ནས་ལོ་སར་གྱི་སྣེ་ལེན་ཚོགས་འདུར་བསྡུས། ཀྲུང་གོའི་ཨེ་ཅིབ་ཏུ་སྡོད་པའི་གཞུང་ཚབ་ཆེན་མོ་སུང་ཨེ་གོ་ཡིས་སྣེ་ལེན་ཚོགས་འདུའི་སྟེང་ནན་གྱིས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོ་ནི་ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་གོང་འཕེལ་དུ་སོང་ཡོད། ཉིས་སྟོང་བཅུ་བདུན་ལོར་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་རྒྱུ་ནི་ང་ཚོའི་རེ་བ་ཡིན་ཟེར།

ཀྲི་ལེ་རྒྱལ་ཁབ་དང་ལའོ་ཝའོ་རྒྱལ་ཁབ། ལེ་པ་ནུན་རྒྱལ་ཁབ། སི་རི་ལན་ཁ་རྒྱལ་ཁབ། ནེ་པ་ལ་རྒྱལ་ཁབ། མཱ་ལེ་ཞི་ཡ་རྒྱལ་ཁབ། སིང་ག་ཕོར་རྒྱལ་ཁབ་སོགས་སུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྱང་ལོ་སར་གྱི་སྣེ་ལེན་ཚོགས་འདུ་བསྡུས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།