ཀྲུང་གོ་བོད་ཀྱི་དྲ་བ།

ཕན་ཅི་ཝུན་གྱིས་སྐབས་རྗེས་མའི་ཧན་གོའི་ཙུང་ཐུང་གི་འདེམ་བསྐོར་ཞུགས་རྒྱུ་མིན་ཞེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་པ་ཕན་ཅི་ཝུན་གྱིས་ཚེས་གཅིག་ཉིན་བཤད་རྒྱུར། ཁོ་སྐབས་རྗེས་མའི་ཧན་གོའི་ཙུང་ཐུང་གི་འགྲན་རྩོད་ཁྲོད་ཞུགས་རྒྱུ་མིན་ཟེར།

ཕན་ཅི་ཝུན་གྱིས་ཧན་གོའི་རྒྱལ་ཚོགས་ཀྱིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་རྒྱལ་ཁབ་ཀྱི་ཆབ་སྲིད་བསྒྱུར་བཅོས་ལ་གཙོ་ཁྲིད་བྱེད་པ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་མངོན་འགྱུར་བྱེད་པའི་ཆབ་སྲིད་འདོད་བློ་སྤངས་པ་ཡིན་ཟེར།

ཁོས་བསྟན་དོན། ཁོ་རང་ཧན་གོའི་ཆབ་སྲིད་ལས་རིགས་ཀྱི་མི་ལ་ལའི་བག་འཁུམ་གྱི་བསམ་བློ་དང་རང་ཕན་རིང་ལུགས་ཀྱི་བསམ་རྒྱ་དོག་མོ་དེར་ཧ་ཅང་ཡིད་ཕམ་ཡོད་ལ། ཁོ་ཚོ་དང་མཉམ་དུ་བྱ་བ་བསྒྲུབ་པར་དོན་སྙིང་སྤུ་ཙམ་ཡང་མེད་པར་འདོད་ཟེར།

ཕན་ཅི་ཝུན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འགན་ཁུར་མཚམས་བཞག་རྗེས། ད་ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་ཕྱིར་ཧན་གོར་ལོག དེའི་སྔོན་ལ་ཁོས་རང་ཉིད་སྐབས་རྗེས་མའི་ཧན་གོའི་ཙུང་ཐུང་གི་འདེམ་བསྐོར་ཞུགས་རྒྱུ་ཡིན་མིན་གྱི་ཐད་ནས་རྣམ་འགྱུར་གསལ་བོ་ཞིག་བསྟན་མེད་མོད། ཡིན་ནའང་ཧན་གོའི་གླེང་ཕྱོགས་ཀྱིས་ཁོ་ནི་སྐབས་རྗེས་མའི་ཧན་གོའི་ཙུང་ཐུང་གི་འདེམ་ཞུགས་པ་ཞིག་ཏུ་ངོས་བཟུང་ཡོད།

ཧན་གོའི་མ་གཞིར་ད་ལོའི་ཟླ་བཅུ་གཉིས་པར་ཙུང་ཐུང་གི་འདེམ་བསྐོ་བསྡུ་རྩིས་ཡོད་ན་ཡང་། ཙུང་ཐུང་གཏུག་བཤེར་བྱས་པའི་གྱོད་དོན་གྱི་ཤན་ཤུགས་ཐེབས་པས། འདེམ་བསྐོའི་དུས་ཚོད་སྔུན་ལ་བསྣུར་ཡང་སྲིད། ཧན་གོའི་རྒྱལ་ཚོགས་ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་ཙུང་ཐུང་ཕེའོ་ཅིན་ཧོས་གཏུག་བཤེར་བྱས་པའི་གྱོད་དོན་ལ་གྲོས་འཆམ་བྱུང་བ་དང་། རྩ་ཁྲིམས་ཁྲིམས་ཁང་གིས་འབྲེལ་ཡོད་གོ་རིམ་ལྟར་ན་ཉིན་བརྒྱ་དང་བརྒྱད་ཅུའི་ནང་དུ་མཇུག་མཐའི་ཐག་གཅོད་བྱེད་དགོས། ཐག་གཅོད་ལྟར་ན་གལ་ཏེ་རྩ་ཁྲིམས་ཁྲིམས་ཁང་ཙུང་ཐུང་གཏུག་བཤེར་གྱི་གྱོད་དོན་ལ་འཐད་པ་བྱུང་ཚེ། ཧན་གོས་ཉིན་དྲུག་ཅུའི་ནང་དུ་འདེམ་བསྐོ་ཆེན་མོ་བསྡུ་དགོས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།