ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱ་དང་པུ་ལི་ཧྲི་ཡིས་ཉེན་དོན་མཉམ་ལས་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སེར་ཝེ་ཡཱ་དང་པུ་ལི་ཧྲི་ཡིས་ཚེས་བདུན་ཉིན་ཉེན་དོན་མཉམ་ལས་གྲོས་མཐུན་བཀོད་པ་དང་། དེའི་དམིགས་ཡུལ་ནི་མཉམ་འབྲེལ་གྱིས་འཇིགས་སྐུལ་དང་མི་སྣ་དང་ཚོང་ཟོང་གི་ལྐོག་འཚོང་། དེ་མིན་རྩ་འཛུགས་ཡོད་པའི་ནག་ཉེས་བཅས་ལ་ཆམ་ཕབ་གཏོང་བའི་ཆེད་དུ་རེད།

སེར་ཝེ་ཡཱའི་ནང་སྲིད་པུའུ་ཀྲང་སི་ཐི་ཧྥན་ནོའུ་ཝེ་ཆི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་པུ་ལི་ཧྲིའི་ནང་སྲིད་བློན་ཆེན་རིང་རིང་པང་དང་མཉམ་དུ་པེར་ཀི་ལེ་ཏི་ནས་གྲོས་མོལ་བྱས་པ་དང་གྲོས་མཐུན་དེ་བཀོད་པ་རེད།

སི་ཐི་ཧྥན་ནོའུ་ཝེ་ཆི་ཡིས་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་མཐུན་བཀོད་རྗེས་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་རྒྱ་ཆེར་སྤེལ་རྒྱུ་ཡིན་པ་དང་། མཉམ་དུ་རྣམ་པ་གང་རུང་གི་རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་རྒྱུ་མ་ཟད། ཞོར་དུ་ཁྱབ་ཁོངས་དེ་ནས་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་བ་སྔར་ལས་བཟང་བོ་འཛུགས་རྒྱུ་ཡིན་ཟེར།

སི་ཐི་ཧྥན་ནོའུ་ཝེ་ཆི་ཡིས་བསྟན་དོན། ཉེན་རྟོག་པའི་གསོ་སྦྱོང་དང་བརྡ་འཕྲིན་མཉམ་བརྗེ་སོགས་ཀྱི་མཉམ་ལས་ལ་བརྟེན་ནས། སེར་ཝེ་ཡཱའི་ཉེན་རྟོག་ཕྱོགས་ཀྱི་ལག་བསྟར་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། ཁོས་མཚམས་སྦྱོར་བྱས་དོན། པུ་ལི་ཧྲི་ཡིས་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཐད་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ཉེན་རྟོག་དཔོན་པོ་སེར་ཝེ་ཡཱ་རུ་མངག་ནས་གསོ་སྦྱོང་བྱེད་དུ་འཇུག་རྒྱུ་ཡིན་པ་དང་། དེས་རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ཆུ་ཚད་ཇེ་མཐོར་གཏོང་ཐུབ་པར་མ་ཟད་ཡོ་རོབ་གླིང་གི་བདེ་འཇགས་ཆུ་ཚད་ཀྱང་ཇེ་མཐོར་གཏོང་ཐུབ་ཟེར།

རིང་རིང་པང་གིས་བསྟན་དོན། ཡོ་རོབ་གླིང་ཧྲིལ་བོའི་རྩ་འཛུགས་ཡོད་པའི་ནག་ཉེས་པ་དག་ས་ཁུལ་དེར་ཁ་དར་ཡོད་པས། རྒྱལ་ཁབ་གཉིས་ཀྱིས་ཐད་ཀར་བརྡ་འཕྲིན་ཐབས་ལམ་འཛུགས་པར་གལ་འགངས་ཧ་ཅང་ཆེ་བ་དང་། རྒྱལ་ཁབ་གཉིས་ཀྱི་བདེ་འཇགས་ཐད་དོན་སྙིང་གལ་ཆེན་ལྡན་ཟེར། 
གྲོས་མོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་ད་རུང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ཀྱི་གནད་དོན་གླེང་བ་རེད། རིང་རིང་པང་གིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་བཀོད་པའི་གྲོས་མཐུན་དེས་ཀྱང་སི་རི་ཡཱ་ནས་ཡོང་བའི་ཕྱི་རྒྱལ་གྱི་དྲག་ཆས་ཉེས་ཅན་དག་ཡུལ་གྱར་བའི་རྒྱུ་ལམ་བརྒྱུད་དེ་ཡོ་རོབ་གླིང་དུ་འགྲོ་བར་སྔོན་འགོག་བྱེད་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།