ཀྲུང་གོ་བོད་ཀྱི་དྲ་བ།

སེར་ཝེ་ཡཱའི་ཙུང་ལི་ཡིས་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ཡུལ་གྱར་བ་བཀག་འགོག་བྱེད་པར་རོགས་རམ་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སེར་ཝེ་ཡཱའི་ཙུང་ལི་ཝུའུ་ཆི་ཆི་ཡིས་ཚེས་བཅུ་གསུམ་ཉིན་བསྟན་དོན། སེར་ཝེ་ཡཱ་ཡིས་རང་ནུས་ཅི་ལྕོགས་ཀྱིས་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པས་ཁྲིམས་འགལ་ཡུལ་གྱར་བ་བཀག་འགོག་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན་ཟེར་ཡང་། ཡོ་རོབ་གླིང་ལ་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པའི་གཅིག་གྱུར་གྱི་སྲིད་ཇུས་ཤིག་མེད་པར་མི་དགའ་བའི་ཚུལ་བསྟན།

ཝུའུ་ཆི་ཆི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨོ་སི་ཁྲུ་རི་ཡཱའི་ཕྱི་འབྲེལ་བློན་ཆེན་ཁུའུ་ཨར་ཚི་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཡུལ་གྱར་བའི་ཉམས་ཉེན་ཁོར་ཡུག་འོག་གི་མཉམ་ལས་སོགས་གྲོས་གཞིར་གྲོས་བསྡུར་བྱས། ཝུའུ་ཆི་ཆི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། སེར་ཝེ་ཡཱ་ཡིས་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་འདོད་ཡོད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་དམ་བཅའ་ལག་བསྟར་བྱས་མེད་ལ། སེར་ཝེ་ཡཱ་དང་པཱ་ཨར་ཀན་གྱི་རྒྱལ་ཁབ་གཞན་པ་དག་ཡུལ་གྱར་བའི་འདུས་སྡོད་བྱེད་ས་གཙོ་བོ་ཞིག་ཏུ་འགྱུར་བའི་ཉེན་ཁ་ཡོད་ཟེར།

ཝུའུ་ཆི་ཆི་ཡིས་བཤད་རྒྱུར། མིག་སྔར་མི་སྟོང་དྲུག་ཙམ་ཡུལ་གྱར་བའི་སྣེ་ལེན་ལྟེ་གནས་སུ་བསྡད་ཡོད་ཀྱང་། མི་བརྒྱ་ཕྲག་འགའ་སྔར་བཞིན་འཁྱག་གྲང་ལ་མི་འཛེམ་པར་སྣེ་ལེན་ལྟེ་གནས་སུ་སྡོད་པར་ཁས་ལེན་མ་བྱས་པས། མི་དེ་དག་ཁི་ལོ་ཏི་ཡཱ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པར་ལྐོག་འགྲོས་བྱེད་པར་ཐབས་བཀོད་འཐེན་བཞིན་ཡོད། ཉིན་རྒྱུན་མི་ཉིས་བརྒྱ་ཙམ་མཱ་ཆི་ཏོན་དང་པུར་ཀ་རི་ཡཱའི་མཐའ་མཚམས་ས་ཁུལ་བརྒྱུད་དེ་སེར་ཝེ་ཡཱའི་མངའ་ཁོངས་སུ་འགྲོ་བཞིན་ཡོད།

ཝུའུ་ཆི་ཆི་ཡིས་བཤད་རྒྱུར། སེར་ཝེ་ཡཱ་ཡིས་རང་ཉིད་ཀྱི་ནུས་པ་ཐོན་ཡོད་པ་དང་། ང་ཚོས་ཡུལ་གྱར་བ་འདུས་སྡོད་བྱེད་སར་འགྱུར་བར་སྔོན་འགོག་བྱེད་དགོས་ཟེར། ཁོས་ད་རུང་ཨོ་སི་ཁྲུ་རི་ཡཱ་ཡིས་ཉེན་རྟོག་པ་མངག་ནས་སེར་ཝེ་ཡཱ་དང་པུར་ཀ་རི་ཡཱའི་མཐའ་མཚམས་ལ་སྲུང་སྐྱོབ་བྱས་པ་དང་། ཨོ་སི་ཁྲུ་རི་ཡཱ་ཡིས་རླངས་འཁོར་དང་སྒྲིག་ཆས་སོགས་འདོན་སྤྲོད་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། མ་འོངས་པར་ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱེད་པར་རེ་སྒུག་བྱེད་པའི་ཚུལ་བསྟན།

ཁུའུ་ཨར་ཚི་ཡིས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡཱའི་ཡིས་ཉེན་རྟོག་པ་ཉི་ཤུ་མངག་ནས་སེར་ཝེ་ཡཱ་དང་པུར་ཀ་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་སྲུང་སྐྱོབ་བྱེད་རོགས་བྱས་པ་དང་། མིག་སྔར་ཕྱོགས་གཉིས་ཀྱི་མཉམ་ལས་གནས་ཚུལ་བཟང་ཟེར། ཁུའུ་ཨར་ཚི་ཡིས་ནན་གྱིས་བསྟན་དོན། ཨོ་སི་ཁྲུ་རི་ཡཱ་ཡིས་མུ་མཐུད་དུ་སེར་ཝེ་ཡཱའི་མཐའ་མཚམས་ས་ཁུལ་དུ་སྲུང་སྐྱོབ་བྱེད་པར་རོགས་འདེགས་བྱེད་རྒྱུ་ཡིན། རྒྱུ་མཚན་ནི་སེར་ཝེ་ཡཱའི་མཐའ་མཚམས་བདེ་འཇགས་དེས་ཨོ་སི་ཁྲུ་རི་ཡཱ་དང་ཡོ་རོབ་གླིང་དབུས་མའི་རྒྱལ་ཁབ་གཞན་པར་ཡང་ཕན་ཐོགས་ཡོད་པས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།