ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་ཟླ་གསུམ་པར་འཇར་མན་དང་ཧྥ་རན་སི་ལ་འཚམས་འདྲི་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

资料图:日本首相安倍晋三.jpg

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་སྲིད་གཞུང་གི་འབྲེལ་ཡོད་མི་སྣས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཟླ་གསུམ་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་འཇར་མན་དང་ཧྥ་རན་སི་རུ་འཚམས་འདྲི་བྱེད་རྩིས་ཡོད་པ་དང་། སོ་སོར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་གཉིས་དང་གྲོས་མོལ་བྱེད་རྒྱུ་རེད། ད་ལྟ་དོན་དེའི་ཐད་ནས་མཐུན་སྦྱོར་བྱེད་བཞིན་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ཨན་པའེ་ཅིན་སན་གྱིས་འཇར་མན་གྱི་ཧན་ནོའུ་ཝེ་ནས་སྤེལ་རྒྱུ་ཡིན་པའི་འབྲེལ་ཡོད་བརྡ་འཕྲིན་དང་བརྡ་འཕྲིན་ལག་རྩལ་འགྲེམ་སྟོན་ཚོགས་འདུར་ཞུགས་པའི་ཆེད་དུ་འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ལ་འཚམས་འདྲི་བྱེད་རྒྱུ་རེད། ཚོད་དཔག་བྱས་པ་ལྟར་ན་སྐབས་དེར་ཁོ་དང་འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་འཇར་པན་དང་ཨ་མེ་རི་ཁའི་མགོ་གཙོའི་གྲོས་མོལ་གྱི་ཨ་མེ་རི་ཁའི་སྲིད་ཇུས་དང་། དེ་མིན་འཇར་པན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་སོགས་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱེད་རྒྱུ་རེད།

དེ་ལས་གཞན་ཨན་པའེ་ཅིན་སན་གྱིས་འཇར་མན་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཨུ་རུ་སི་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་དང་སི་རི་ཡཱའི་གནས་བབ་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་ཐད་ནས་མའོ་ཁི་ཨར་གྱིས་ཁོས་དབྱི་སི་ལན་རྒྱལ་ཁབ་བདུན་གྱི་སྤྱི་དམངས་ཨ་མེ་རི་ཁའི་མངའ་ཁོངས་སུ་ཡོང་བར་གཏན་འགོག་བྱེད་པའི་བྱེད་ཐབས་ལ་སྐྱོན་བརྗོད་བྱས་པ་དང་། ཨོ་ལིང་ཏི་ཡིས་ཐི་ལིང་ཕུའུ་ཡི་སྲུང་སྐྱོབ་རིང་ལུགས་ཀྱི་འདོད་བློར་སེམས་ཁུར་བྱེད་པའི་ཚུལ་བསྟན། དེར་དམིགས་ནས་ཨན་པའེ་ཅིན་སན་གྱིས་ཐི་ལིང་ཕུའུ་ཡིས་འདོད་པའི་ཨ་མེ་རི་ཁ་དང་པོ་ཡིན་པའི་རིང་ལུགས་དང་རང་དབང་ཉོ་ཚོང་ཐད་ཀྱི་ལྟ་ཚུལ་མཚམས་སྦྱོར་བྱེད་པའི་འཆར་གཞི་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།