ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་རྒྱལ་ཁབ་བཞི་ལ་ལྟོགས་སྡུག་བྱུང་ཡོད་ལ་བྱིས་པ་ས་ཡ་གཅིག་དང་འབུམ་བཞི་ལྟོགས་ཤི་ཐེབས་པའི་ཉེན་ཁ་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱ་དང་སོ་མཱ་ལི། སུའུ་ཏན་ལྷོ་མ། ཡེ་མིན་བཅས་རྒྱལ་ཁབ་བཞི་ལ་ལྟོགས་སྡུག་བྱུང་ཡོད་པ་དང་། ད་ལོར་བྱིས་པ་ས་ཡ་གཅིག་དང་འབུམ་བཞི་ཙམ་འཚོ་བཅུད་མི་འདང་པར་ལྟོགས་ཤི་ཐེབས་པའི་ཉེན་ཁ་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་རྒྱུ་ཆ་ལྟར་ན། ཡེ་མིན་གྱི་ནང་འཁྲུག་བྱུང་ནས་ལོ་གཉིས་ཙམ་འགོར་ཡོད་པ་དང་། བྱིས་པ་འབུམ་བཞི་དང་ཁྲི་དྲུག་ལྷག་ལ་འཚོ་བཅུད་མི་འདང་བའི་གནད་དོན་ཚབས་ཆེན་བྱུང་ཡོད། ནེ་ཀྲི་རི་ཡཱའི་བྱང་ཤར་ས་ཁུལ་དུ་བྱིས་པ་འབུམ་བཞི་དང་ཁྲི་ལྔར་འཚོ་བཅུད་མི་འདང་བའི་གནད་དོན་བྱུང་ཡོད།

ལྟོགས་སྡུག་ཉེན་བརྡ་གཏོང་བའི་མ་ལག་དྲ་རྒྱ་ལས་བཤད་རྒྱུར། ནེ་ཀྲི་རི་ཡཱའི་པའོ་ཨར་ནོའུ་ཀྲིག་གི་མཐའ་འཁོབ་ས་ཁུལ་དུ་ན་ནིང་ལོ་མཇུག་ལ་ལྟོགས་སྡུག་ཐེབས་པ་དང་། རོགས་སྐྱོར་ཚོགས་ཁག་གནས་དེར་ཐོན་ཐབས་མེད་པས་གནོད་འཚེ་དེ་མུ་མཐུད་དུ་འབྱུང་ངེས་རེད་ཟེར།

སོ་མཱ་ལིའི་ཐན་སྐྱོན་ལས་བྱིས་པ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་ལྔར་ལྟོགས་སྡུག་ཐེབས་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་བལྟས་ན། ཁ་གྲངས་དེ་ཕྱིན་ཆད་ཀྱི་ཟླ་འགའི་ནང་བྱིས་པ་འབུམ་གཉིས་དང་ཁྲི་བདུན་ལ་བསླེབ་སྲིད་པར་འདོད།

སུའུ་ཏན་ལྷོ་མར་བྱིས་པ་འབུམ་གཉིས་དང་ཁྲི་བདུན་ལ་འཚོ་བཅུད་མི་འདང་བའི་གནད་དོན་བྱུང་ཡོད་པ་དང་། བྱང་ཕྱོགས་ཀྱི་མཉམ་འབྲེལ་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ལ་ལྟོགས་སྡུག་ཐེབས་པ་ཁྱབ་སྒྲོག་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་ལག་བསྟར་ཀྲུའུ་རིན་ལེ་ཁི་ཡིས་མྱུར་མོར་བྱེད་ཐབས་སྤྱོད་དགོས་པའི་འབོད་སྐུལ་བཏང་བ་དང་། ང་ཚོས་སྔར་བཞིན་ཚེ་སྲོག་མང་བོ་སྐྱོབ་ཐུབ་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།