ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ནས་ད་ལོར་ལྷོ་ཕྱོགས་རྒྱ་མཚོའི་འགུལ་སྐྱོད་རྩ་གནད་ཀྱི་སྒྲོམ་གཞི་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཡཱ་སེ་ཡིས་ཚེས་ཉེར་གཅིག་ཉིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་ལྔ་བཅུ་བའི་གྲུབ་འབྲས་གླེང་སྐབས་བཤད་རྒྱུར། ཕྱོགས་ཡོངས་ནས་ཕན་ནུས་ལྡན་པའི་སྒོ་ནས་ལྷོ་ཕྱོགས་རྒྱ་མཚོའི་ཕྱོགས་ཁག་སོ་སོའི་འགུལ་སྐྱོད་བསྒྲགས་གཏམ་ལག་བསྟར་བྱེད་དགོས་ན། ད་ལོར་ཀྲུང་གོ་དང་མཉམ་དུ་ལྷོ་ཕྱོགས་རྒྱ་མཚོའི་འགུལ་སྐྱོད་རྩ་གནད་ཀྱི་སྒྲོམ་གཞི་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱས་ཏེ། ལྷོ་ཕྱོགས་རྒྱ་མཚོའི་འགུལ་སྐྱོད་རྩ་གནད་གཏན་འབེབས་བྱེད་པར་རྨང་གཞི་འདིང་དགོས་པ་ནན་བཤད་བྱས།

ཡཱ་སེ་ཡིས་གྲོས་ཚོགས་གྲོལ་རྗེས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་ཉུང་ཤས་ཀྱིས་མིག་སྔའི་ལྷོ་ཕྱོགས་རྒྱ་མཚོའི་གནས་བབ་ལ་སེམས་ཁུར་བྱེད་བཞིན་ཡོད་ཀྱང་། ཁོ་ཚོས་མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་བར་གྱི་གྲོས་མོལ་སྲུང་འཛིན་བྱེད་དགོས་པའི་ཚུལ་བསྟན། ཕྱོགས་སོ་སོས་མུ་མཐུད་དུ་འབྲེལ་ཡོད་རྒྱལ་ཁབ་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས་ཞི་བའི་སྒོ་ནས་གནད་དོན་ཐག་གཅོད་ཐད་བརྩོན་ལེན་བྱེད་པར་འཐད་པ་བྱུང་ཟེར།

ཡཱ་སེ་ཡིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཧྥེ་ལེ་པེན་དང་ཀྲུང་གོའི་འབྲེལ་བའི་ཐད་ནས་བལྟས་ན། ཧྥེ་ལེ་པེན་གྱིས་ད་ལྟ་ལྷོ་ཕྱོགས་རྒྱ་མཚོའི་བར་འདུམ་གྱོད་དོན་གྱི་མཇུག་འབྲས་དེ་རང་སོར་བསྐྱུར་དགོས་པ་དང་། ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་དེ་ནི་ཧྥེ་ལེ་པེན་དང་ཀྲུང་གོའི་འབྲེལ་བའི་ཡོད་ཚད་མིན་པས། ཧྥེ་ལེ་པེན་དང་ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དཔལ་འབྱོར་དང་དངུལ་གཏོང་སོགས་འདུས་པའི་ཁྱབ་ཁོངས་སྔར་ལས་ཆེན་པོར་དོ་སྣང་བྱེད་དགོས་པར་འདོད་ཡོད། ཡཱ་སེ་ཡིས་ནན་གྱིས་བསྟན་དོན། ཧྥེ་ལེ་པེན་དང་ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་ལ་དམིགས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ཐོབ་པར་བྱེད་པའི་དོན་ལ་འབད་དགོས་ཟེར།

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྐབས་ལྔ་བཅུ་བ་དེ་ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར་ཧྥེ་ལེ་པེན་གྱི་གནས་སྐོར་གནས་མཆོག་ཁྲང་ཐན་གླིང་ཕྲན་ནས་སྤེལ། དེ་ནི་ཧྥེ་ལེ་པེན་གྱིས་ད་ལོར་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ཚུན་ལ་སྤེལ་བའི་གྲོས་ཚོགས་གལ་ཆེན་ཐོག་མ་རེད། གྲོས་ཚོགས་སྟེང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུའི་ཕྱི་འབྲེལ་བློན་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་ཡར་སྐུལ་ཇི་ལྟར་གཏོང་བར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་སོ་སོས་སེམས་ཁུར་བྱེད་པའི་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཡཱ་སེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ས་ཁུལ་རང་དང་ས་ཁུལ་གཞན་པའི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ལ་འབྲེལ་བའི་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། དེའི་ནང་འཇིགས་སྐུལ་རིང་ལུགས་དང་། མཚོ་ཇག མི་སྣའི་ལྐོག་འཚོང་། དུག་རྫས་ལྐོག་འཚོང་བཅས་ལ་ཆམ་ཕབ་གཏོང་བ་དང་། དེ་མིན་དྲ་རྒྱའི་བདེ་འཇགས་དང་ནམ་ཟླའི་འགྱུར་ལྡོག མཚོ་ཐོག་གི་བདེ་འཇགས་དང་མཉམ་ལས་སོགས་འདུས། དེ་ལས་གཞན་ད་རུང་དབུས་ཤར་དང་ཁྲའོ་ཞན་ཕྱེད་གླིང་། ལྷོ་ཕྱོགས་རྒྱ་མཚོའི་ས་ཁུལ་བཅས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།