ཀྲུང་གོ་བོད་ཀྱི་དྲ་བ།

ཨོ་སི་ཁྲུ་ལི་ཡཱའི་མང་ཚོགས་ཀྱིས་དབྱི་སི་རལ་གྱི་ཙུང་ལི་ཡིས་ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱས་པར་ངོ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཞེ་ནེ་རུ་སོང་སྟེ་ཨོ་སི་ཁྲུ་ལི་ཡཱ་རྒྱལ་ཁབ་ལ་དུས་ཡུན་ཉིན་བཞིའི་འཚམས་འདྲི་བྱེད་མགོ་བརྩམས། ཁོ་ནི་ལོ་རྒྱུས་སྟེང་ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱས་པའི་དབྱི་སི་རལ་གྱི་ཙུང་ལི་ཐོག་མ་རེད།

ནེ་ཐཱ་ནི་ཡཱ་ཧུའུ་མ་འབྱོང་གོང་། ཨོ་སི་ཁྲི་ལི་ཡཱའི་ཙུང་ལི་ཐི་ཨིན་པུའུ་ཨར་གྱིས་ཚེས་ཉེར་གཉིས་ཉིན་ཨོ་སི་ཁྲུ་ལི་ཡཱའི་མི་དམངས་ཚགས་པར་སྟེང་རྩོམ་ཡིག་སྤེལ་ཏེ། ཨོ་སི་ཁྲུ་ལི་ཡཱ་ཡིས་ན་ནིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་འཛུགས་སྐྲུན་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བའི་གྲོས་ཆོད་ལ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་རིས་བཟུང་ནས་དབྱི་སི་རལ་ལ་སྐྱོན་བརྗོད་བྱས་པར་རྒོལ་གཏམ་བཏང་། ཨ་མེ་རི་ཁའི་ཨོ་པཱ་མཱ་སྲིད་གཞུང་དང་ནེའུ་ཙེ་ལན་སོགས་རྒྱལ་ཁབ་ཀྱིས་སྐབས་ཐོག་དེར་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་བཞིན་ཡོད།

ཨོ་སི་ཁྲུ་ལི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་གཉིས་ཉིན་གྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཐི་ཨིན་པུའུ་ཨར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངན་འཚང་བརྟོལ་བར་བཀའ་དྲིན་ཞུས།

ཨོ་སི་ཁྲུ་ལི་ཡཱའི་མི་ཚང་མས་ནེ་ཐཱ་ནི་ཡཱ་ཧུའུ་འཚམས་འདྲིར་ཡོང་བར་དགའ་བསུ་བྱེད་པ་མ་ཡིན། ཨོ་སི་ཁྲུ་ལི་ཡཱའི་ཉིན་རེའི་གློག་འཕྲིན་ཚགས་པར་ལས་བསྒྲགས་པ་ལྟར་ན། ཨོ་སི་ཁྲུ་ལི་ཡཱའི་སྲིད་ཚོང་ལས་རིགས་དང་། ཆོས་ལུགས་ལས་རིགས། རིགས་གཞུང་ལས་རིགས། རོལ་རྩེད་ལས་རིགས་བཅས་ཀྱི་མི་དྲུག་ཅུ་ལྷག་གིས་དེའི་སྔོན་འཕྲིན་ཡིག་ཁྱབ་སྒྲོག་བྱས་དོན། མཉམ་དུ་མིང་བཀོད་དེ་ནེ་ཐཱ་ནི་ཡཱ་ཧུའུ་འཚམས་འདྲིར་ཡོང་བར་ངོ་རྒོལ་བྱེད་རྒྱུ་ཡིན་ལ། ནེ་ཐཱ་ནི་ཡཱ་ཧུའུ་ཡི་སྲིད་ཇུས་དེའི་དམིགས་ཡུལ་ནི་ཕཱ་ལེ་སི་ཐན་གྱི་མི་རྣམས་ལ་གཉའ་གནོན་བྱེད་པའི་ཆེད་དུ་རེད་ཟེར། རྒྱལ་ཁབ་དེའི་སྔོན་ཆད་ཀྱི་ཙུང་ལི་ཧའོ་ཁི་དང་ལུའུ་ཁི་ཝུན་གཉིས་ཀྱིས་ཀྱང་དབྱི་སི་རལ་གྱིས་གཏན་སྡོད་ས་ཁུལ་རྒྱ་བསྐྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། ཨོ་སི་ཁྲུ་ལི་ཡཱ་ཡིས་ཕཱ་ལེ་སི་ཐན་གྱི་རྒྱལ་ཁབ་གོ་གནས་ཁས་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨོ་སི་ཁྲུ་ལི་ཡཱའི་ཁྱིམ་མཚེས་རྒྱལ་ཁབ་ཧིན་རྡུ་ཉི་ཞི་ཡཱ་ཡིས་ཀྱང་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཨོ་སི་ཁྲུ་ལི་ཡཱ་རུ་འཚམས་འདྲི་བྱེད་པར་གནོད་པ་བཟོས། ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཆེད་བཏང་གནམ་གྲུ་དེ་དབྱི་སི་རལ་གྱི་མཁའ་འགྲུལ་ཀུང་ཟིའི་ཁོངས་སུ་གཏོགས་པ་དང་། དབྱི་སི་ལན་རྒྱལ་ཁབ་རེ་འགས་ཀུང་ཟི་དེའི་གནམ་གྲུ་རང་གི་མཁའ་ཁོངས་སུ་འཕུར་བར་གཏན་འགོག་བྱེད་བཞིན་ཡོད། འཛམ་གླིང་སྟེང་མུའུ་སི་ལིན་གྱི་མི་གྲངས་ཆེས་མང་བའི་ཧིན་རྡུ་ཉི་ཞི་ཡཱ་དང་དབྱི་སི་རལ་གྱི་བར་དངོས་གཞིའི་ཕྱི་ཕྱོགས་འབྲེལ་བ་མེད་པ་དང་། ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ནེ་ཐཱ་ནི་ཡཱ་ཧུའུ་ཡི་ཆེད་བཏང་གནམ་གྲུ་དེ་སིང་ག་ཕོར་ནས་ཨོ་སི་ཁྲུ་ལི་ཡཱ་རུ་འཕུར་སྐབས། ཧིན་རྡུ་ཉི་ཞི་ཡཱའི་མཁའ་ཁོངས་ཡོལ་ནས་མི་འགྲོ་ཐབས་མེད་བྱུང་སྟབས། རྒྱུན་ལྡན་དང་བསྡུར་ན་དུས་ཚོད་གཉིས་དང་ཕྱེད་ཀའི་རིང་ལྷག་མར་འཕུར་བས་ད་གཟོད་ཞེ་ནེའི་གནམ་གྲུ་ཐང་དུ་འབྱོར་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།