ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་སྲིད་གཞུང་དམག་དཔུང་གིས་མའོ་སུའུ་ཨར་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་དཔུང་འཇུག་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་གིས་ཉིན་དེའི་ཞོགས་པར་མའོ་སུའུ་ཨར་ལྷོ་ནུབ་ཕྱོགས་ཀྱི་གནམ་གྲུ་ཐང་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་སྔོན་ཆད་ཀྱི་སྲིད་གཞུང་དམག་དཔུང་གི་སྒར་སར་དཔུང་འཇུག་བྱེད་མགོ་བརྩམས་པ་དང་། ད་ལྟ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་མང་བོ་བསད་ཡོད་ཟེར།

མཉམ་འབྲེལ་འགུལ་སྐྱོད་ཀྱི་བཀོད་འདོམ་པུའུ་ཡི་དམག་དཔོན་ཡཱ་ལཱ་ལཱ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེན་རྟོག་པ་དང་ནང་སྲིད་པུའུ་ལ་གཏོགས་པའི་འཕྲལ་སྒྲུབ་དམག་དཔུང་གིས་ཉིན་དེའི་ཞོགས་པར་མའོ་སུའུ་ཨར་གྱི་རྒྱལ་སྤྱིའི་གནམ་གྲུ་ཐང་དང་དེའི་ཉེ་འདབས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱེད་པའི་ཀའེ་ཙི་ལཱ་ནེ་དམག་སྒར་ལ་དཔུང་འཇུག་བྱེད་མགོ་བརྩམས་པ་དང་། དྲག་ཆས་མི་སྣ་མང་བོ་བསད་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཉིན་དེའི་འཐབ་འཁྲུག་ནི་དབྱི་རག་སྲིད་གཞུང་དམག་དཔུང་གིས་མའོ་སུའུ་ཨར་ནུབ་ངོས་མཁར་ཁུལ་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་ཀྱི་སྔོན་བརྡ་ལྟ་བུ་རེད། མིག་སྔའི་བར་ཕྱོགས་ཀྱི་འཁྲུག་རྩོད་མུ་མཐུད་དུ་སྤེལ་བཞིན་ཡོད། གནམ་གྲུ་ཐང་གི་མཐོང་རྒྱ་ཡངས་པས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་མང་བོས་འགོག་སྲུང་བྱེད་མཚམས་བཞག་ནས་གྲོང་ཁུལ་དུ་ཕྱིར་འཐེན་བྱེད་བཞིན་ཡོད།

མའོ་སུའུ་ཨར་ནི་དབྱི་རག་ནུབ་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཡིན་པ་དང་། དབྱི་རག་གི་གྲོང་ཁྱེར་ཆེན་པོ་གཉིས་པ་རེད། ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པ་རེད། ན་ནིང་ཟླ་བཅུ་བར་དབྱི་རག་སྲིད་གཞུང་དམག་དཔུང་གིས་མའོ་སུའུ་ཨར་ཕྱིར་འཕྲོག་ལེན་བྱེད་པའི་འཐབ་འཁྲུག་སྤེལ་རྒྱུ་ཁྱབ་སྒྲོག་བྱས། ད་ལོའི་ཟླ་དང་པོའི་ཚེས་ཉེར་བཞིའི་ཉིན། སྲིད་གཞུང་དམག་དཔུང་གིས་མའོ་སུའུ་ཨར་གྱི་ཤར་ངོས་མཁར་ཁུལ་ཕྱིར་འཕྲོག་ལེན་བྱས་པ་ཁྱབ་སྒྲོག་བྱས།

ཟླ་འདིའི་ཚེས་བཅུ་དགུའི་ཉིན། དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་མའོ་སུའུ་ཨར་གྱི་ནུབ་ངོས་མཁར་ཁུལ་ཕྱིར་འཕྲོག་ལེན་བྱེད་པའི་དམག་དོན་འགུལ་སྐྱོད་མགོ་བརྩམས་པ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།