ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཀྱིས་རྒྱ་མཚོའི་གད་སྙིགས་གཙང་དག་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉེར་གསུམ་ཉིན་ཧིན་རྡུ་ཉི་ཞི་ཡཱའི་པཱ་ལི་གླིང་ཕྲན་ནས་སྤེལ་བའི་དཔལ་འབྱོར་རིག་པ་སྨྲ་བའི་ཉིས་སྟོང་བཅུ་བདུན་ལོའི་འཛམ་གླིང་གི་རྒྱ་མཚོའི་མཐོ་རིམ་གྲོས་ཚོགས་སྟེང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁོར་ཡུག་འཆར་འགོད་ཁང་གིས་རྒྱ་མཚོའི་གཙང་སྦྲའི་ལས་འགུལ་སྤེལ་ཏེ་རྒྱ་མཚོའི་གད་སྙིགས་གཙང་དག་བྱེད་རྒྱུ་ཁྱབ་སྒྲོག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་གིས་བསྟན་དོན། ཐེངས་གཅིག་བེད་སྤྱོད་བྱེད་པའི་འགྱིག་ཤོག་ཚད་ལས་བརྒལ་བ་བེད་སྤྱོད་བཏང་བ་ནི་རྒྱ་མཚོའི་གད་སྙིགས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ཞིང་། ལས་འགུལ་དེའི་དམིགས་འབེན་ནི་ཉིས་སྟོང་ཉེར་གཉིས་ལོའི་སྔོན་ལ་གད་སྙིགས་དེ་རིགས་གཙང་སེལ་བྱེད་རྒྱུ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་རྒྱལ་ཁབ་སོ་སོས་འགྱིག་ཤོག་གི་བེད་སྤྱོད་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་འདོན་དགོས་པའི་སྐུལ་མ་བཏང་བ་དང་། འབྲེལ་ཡོད་ལས་རིགས་ཀྱིས་འགྱིག་ཐུམ་བེད་སྤྱོད་གཏོང་ཚད་ཇེ་ཉུང་དུ་གཏོང་བ་དང་ཡང་བསྐྱར་ཐོན་རྫས་ཇུས་འགོད་བྱེད་དགོས་པར་སྐུལ་བར་མ་ཟད། འཛད་སྤྱོད་མཁན་གྱིས་གང་འདོད་དུ་གད་སྙིགས་འཕེན་པའི་གོམས་སྲོལ་བསྒྱུར་ནས། རྒྱ་མཚོར་གནོད་པ་ཚབས་ཆེན་ཐེབས་པར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་སུའུ་ཨར་ཧེ་མུའུ་ཡིས་བསྟན་དོན། ད་ལྟ་ཧིན་རྡུ་ཉི་ཞི་ཡཱའི་མཚོ་འགྲམ་དང་ཡང་ན་གླིང་སྣེ་བྱང་མའི་མཚོ་གཏིང་གང་ཡིན་རུང་། འགྱིག་ཤོག་གི་གད་སྙིགས་མེད་སའི་གནས་ཤིག་མེད་པ་དང་། ཁ་ཟས་ཀྱི་རྒྱུན་དུ་བསྡོངས་ནས་མིའི་རིགས་ཀྱི་ལུས་ཕུང་བདེ་ཐང་ལའང་གནོད་པ་ཐེབས་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་རྒྱུ་ཆ་ལྟར་ན། ལོ་རེར་འགྱིག་ཤོག་མང་བོ་རྒྱ་མཚོའི་ནང་བསྐྱུར་བཞིན་ཡོད་པ་དང་། དེས་རྒྱ་མཚོའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་འཚོ་སྡོད་ལ་འཇིགས་ཉེན་བཟོ་བཞིན་ཡོད་ལ། ཉ་གསོ་ལས་རིགས་དང་གནས་སྐོར་ལས་རིགས་ལའང་གཏོར་བརླག་ཐེབས་བཞིན་ཡོད་པ་དང་། རྒྱ་མཚོའི་སྐྱེ་ཁམས་མ་ལག་ཧྲིལ་བོར་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།