ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཀྲང་གིས་ཨུ་རུ་སིའི་བར་གྱི་འབྲེལ་བ་སྦ་གསང་བྱས་པར་སྐྱོན་འཛུགས་ཐེབས་པར་ཨ་མེ་རི་ཁའི་དམངས་གྲོས་ཁང་གི་དཔོན་རིགས་ཀྱིས་ཁོས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྒེར་ཐོག་ནས་ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་དང་ཉན་ཞིབ་ཚོགས་འདུའི་སྟེང་རྫུན་གཏམ་བཤད་པའི་སྐྱོན་འཛུགས་ཐེབས་པའི་དབང་གིས་ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་སེ་ཧྲིན་སི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡི་བློན་ཆེན་གཙོ་བོའི་གྲས་སུ་ཨུ་རུ་སི་ལ་འབྲེལ་འདྲིས་བྱས་པའི་ཁོངས་མི་གཉིས་པ་རེད། དེའི་སྔོན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་གྲོས་ཞུགས་ཁང་གི་གྲོས་མི་སེ་ཧྲིན་སི་ཡིས་ན་ནིང་འདེམ་བསྐོའི་སྐབས་སུ་ཐེངས་གཉིས་ལ་ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོར་ཐུག་འཕྲད་བྱས་པ་རེད་ཟེར། བསྒྲགས་པ་ལྟར་ན། གྲོས་ཞུགས་ཁང་གིས་ཉན་ཞིབ་ཚོགས་འདུའི་སྟེང་ཨུ་རུ་སིའི་བར་འབྲེལ་འདྲིས་བྱས་མིན་འདྲི་སྐབས་སེ་ཧྲིན་སི་ཡིས་ཐུག་འཕྲད་དེ་གཉིས་གསལ་བོར་བཤད་མེད།

ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་ཟླ་གསུམ་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། ན་ནིང་ཟླ་བདུན་པ་དང་ཟླ་དགུ་བའི་ནང་། སྐབས་ཐོག་དེར་གྲོས་ཞུགས་ཁང་དམག་དོན་ཨུ་ཡོན་ལྷན་ཁང་དུ་ལས་འགན་ཁུར་བའི་སེ་ཧྲིན་སི་ཡིས་ཨ་མེ་རི་ཁར་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཆེན་མོ་ཅི་སི་ལེ་ཡཱ་ཁི་ལ་སྔ་གཞུག་ཐེངས་གཉིས་ལ་གྲོས་མོལ་བྱས་པ་རེད། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡི་དཔོན་རིགས་ཀྱིས་བཤད་རྒྱུར། ཟླ་དགུ་བའི་གྲོས་མོལ་དེ་སེ་ཧྲིན་སི་ཡི་གྲོས་ཞུགས་ཁང་གི་གྲོས་མིའི་གཞུང་སྒྲུབ་ཁང་ནས་སྤེལ་བ་དང་། སྐབས་ཐོག་དེར་ཏག་ཏག་ཨ་མེ་རི་ཁའི་གསང་འཕྲིན་ལས་ཁུངས་ཀྱིས་ཨུ་རུ་སིས་དྲ་ལམ་ནས་ཨ་མེ་རི་ཁའི་འདེམ་བསྐོའི་བྱ་འགུལ་ཆེན་མོར་ཐེ་གཏོགས་བྱས་པར་སྐྱོན་འཛུགས་བྱེད་པའི་གནད་འགག་གི་དུས་སྐབས་ལ་འཁེལ་ཡོད།

རྫུན་གཏམ་བཤད་པའི་སྐྱོན་འཛུགས་ཐད་ནས་ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡི་མགྲིན་ཚབ་པ་ཧྥོ་ལོ་ལི་སི་ཡིས་དག་འབུད་བྱས་དོན། ཨུ་རུ་སུའི་ཕྱི་འབྲེལ་དཔོན་པོ་དང་ཐུག་འཕྲད་བྱེད་སྐབས། སེ་ཧྲིན་སི་ནི་གྲོས་ཞུགས་ཁང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཙམ་ཡིན་པ་དང་། ཐི་ལིང་ཕུའུ་ཡི་ཚོགས་ཁག་གི་ཁོངས་མི་མིན་ཟེར། སེ་ཧྲིན་སི་ཡིས་ཀྱང་གསལ་སྒྲོག་སྤེལ་ཏེ། ཁོས་ནམ་ཡང་ཨུ་རུ་སིའི་དཔོན་རིགས་དང་ཐུག་འཕྲད་བྱས་ཏེ་ཐི་ལིང་ཕུའུ་ཡི་འགྲན་རྩོད་གནད་དོན་ལ་གྲོས་བསྡུར་བྱས་མ་མྱོང་ཟེར།

ལུའུ་ཐུག་གསར་འགྱུར་ཁང་གིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམངས་གྲོས་ཁང་དམངས་གཙོ་ཏང་གི་གཙོ་འཛིན་ཕའེ་ལོ་ཞི་ཡིས་གསལ་སྒྲོག་ཅིག་གི་ནང་སེ་ཧྲིན་སི་ཡིས་ལས་ཁུར་དགོངས་ཞུ་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་དང་། ཁོས་ཨ་མེ་རི་ཁའི་ཆེས་མཐོའི་ཁྲིམས་འཛིན་དཔོན་པོའི་འགན་ཁུར་བར་མི་འོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།