ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོས་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅོར་ཏན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ཁང་གི་མགྲིན་ཚབ་པ་ཧྲ་ཏཱ་ཡིས་ཚེས་ལྔ་ཉིན་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཀྲུང་གོ་ཡིས་སི་རི་ཡཱའི་ཡུལ་གྱར་བར་སྐྱིན་ཚབ་མེད་པའི་རོགས་སྐྱོར་བྱས་པ་དང་། ཁོ་མོས་དོན་དེའི་ཐད་ནས་བཀའ་དྲིན་ཞུས་པ་ཡིན་ཟེར།

ཅོར་ཏན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་དཔོན་རིགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དགུ་བར། ཀྲུང་གོའི་སྲིད་གཞུང་གིས་འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་ལ་མེ་སྒོར་ས་ཡ་གཉིས་གྱི་སྐྱིན་ཚབ་མེད་པའི་རོགས་སྐྱོར་མ་དངུལ་འདོན་སྤྲོད་བྱས་ཏེ། འཛམ་གླིང་འབྲུ་རིགས་འཆར་འགོད་ཁང་གིས་ཅོར་ཏན་དང་ལེ་པཱ་ནུན་མངའ་ཁོངས་ཀྱི་སི་རི་ཡཱའི་ཡུལ་གྱར་བར་འཚོ་བཅུད་ལྡན་པའི་ཟས་རིགས་འདོན་སྤྲོད་བྱེད་པའི་ཐད་བཀོལ། དེའི་ནང་ཅོར་ཏན་ལ་མེ་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཐོབ་ཡོད་ཟེར།

ཧྲ་ཏཱ་ཡིས་བཤད་རྒྱུར། ཅོར་ཏན་ལ་བགོས་པའི་མེ་སྒོར་ས་ཡ་གཅིག་དང་འབུམ་ལྔའི་རོགས་སྐྱོར་མ་དངུལ་ཁྲོད་ཀྱི་ཁག་ཅིག་ཉིས་སྟོང་བཅུ་བདུན་ལོའི་ཚུན་ལ་བཀོད་སྒྲིག་བྱེད་ས་སོ་སོར་འབྱོར་བའི་སི་རི་ཡཱའི་ཡུལ་གྱར་བར་དགའ་བསུའི་གསོལ་ཚིགས་ཤིག་འདོན་སྤྲོད་བྱེད་པའི་ཐད་བཀོལ་བ་དང་། དེའི་ནང་འཐུང་ཆུ་དང་ཀ་ར་གོ་རེ་སོགས་འདུས་ཡོད། ཚོད་དཔག་བྱས་ན་མིག་སྔར་ཟླ་རེར་དགའ་བསུའི་གསོལ་ཚིགས་སྟོང་བཞི་རེ་སྟེར་བཞིན་ཡོད།

དེ་ལས་གཞན་ཧྲ་ཏཱ་ཡིས་མཚམས་སྦྱོར་བྱས་དོན། ཀྲུང་གོའི་སྲིད་གཞུང་གི་རོགས་སྐྱོར་མ་དངུལ་དེ་ད་རུང་ཡུལ་གྱར་བའི་སྒར་སའི་ནང་བདེ་ཐང་ཟ་ཁང་གཉིས་བཙུགས་ནས་ཡུལ་གྱར་བའི་སྒར་སའི་སློབ་གྲྭར་འཚོ་བཅུད་ལྡན་པའི་ཟས་རིགས་འདོན་སྤྲོད་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

ཅོར་ཏན་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་ཅོར་ཏན་གྱིས་སི་རི་ཡཱའི་སྤྱི་དམངས་ས་ཡ་གཅིག་དང་འབུམ་གསུམ་ཙམ་དང་ལེན་བྱས་ཡོད་པ་དང་། དེའི་ནང་མི་འབུམ་དྲུག་ལྷག་གིས་ཡུལ་གྱར་བར་ཐོ་འགོད་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།