ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ལོག་གཡེམ་གནད་དོན་སྔོན་འགོག་བྱེད་པའི་ཐད་ནས་འཐབ་ཇུས་སྙན་ཞུ་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུའི་ཉིན་མི་སེར་དཀྱུས་མར་ཞི་བདེ་སྲུང་སྐྱོབ་མི་སྣའི་ལོག་གཡེམ་ཐེབས་པ་སོགས་ཀྱི་གནད་དོན་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཐད་ནས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ལ་སྙན་ཞུ་སྤྲད་དེ། གནོད་ཐེབས་མཁན་ལ་དོ་སྣང་བྱེད་པ་དང་ཉེས་པ་ཡོད་ཀྱང་ཁྲིམས་ལ་མི་སྦྱོར་བའི་སྣང་ཚུལ་མེད་པར་གཏོང་དགོས་པའི་འཐབ་ཇུས་བཏོན།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་བརྙན་རིས་ཞུ་ཚིག་ཕུལ་ཏེ། ཁོས་དྲུང་ཡིག་ཆེན་མོའི་འགན་ཁུར་བའི་སྐབས་སུ། རྒྱལ་ཁབ་སོ་སོའི་བར་མཉམ་ལས་ཟབ་མོ་བྱས་ཏེ། ལོག་གཡེམ་གནད་དོན་ལ་བཟོད་སྒོམ་ཅི་ཡང་མེད་པ་མངོན་འགྱུར་བྱེད་རྒྱུ་ཁས་ལེན་བྱས་པ་དང་། དེའི་རྗེས་སུ་མཐོ་རིམ་བྱ་བའི་ཚན་ཆུང་གཉིས་བསྐོ་འཇོག་བྱས། སྙན་ཞུ་ལས་བཏོན་པའི་འཐབ་ཇུས་དེས་གནོད་ཐེབས་མཁན་གཙོར་བཟུང་ཡོད་པ་དང་། མངོན་གསལ་གྱིས་འགན་འཁྲི་རྩད་གཅོད་བྱས་ཏེ་དྲང་བདེན་སྐྱོང་བར་འགན་སྲུང་བྱས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། སྙན་ཞུ་ལས་བཏོན་པའི་འཐབ་ཇུས་ལ་ཕྱོགས་བཞིའི་ནང་དོན་འདུས་ཡོད་དེ། གཅིག་ནི་གནོད་ཐེབས་མཁན་གྱི་ཁེ་དབང་གཙོ་བོར་འཛིན་དགོས་པ་དང་། གཉིས་ནི་ཉེས་ཅན་ཀུ་ཡངས་ལ་གཏོང་བའི་སྣང་ཚུལ་གཏན་འགོག་བྱེད་དགོས། གསུམ་ནི་ཤུགས་རྐྱེན་ཐེབས་པའི་ཕྱོགས་སོ་སོ་དང་དམངས་ཁྲོད་སྤྱི་ཚོགས། ས་དེའི་སྡོད་ཁུལ་སོགས་ལ་བློ་འདོན་ཇུས་འབུལ་བྱེད་དུ་འཇུག་དགོས། བཞི་ནི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཐག་གཅོད་ཉམས་མྱོང་བརྗེ་རེས་བྱེད་པ་བཅས་ཡིན་ཟེར།

སྙན་ཞུ་དེ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་ཆབ་སྲིད་ཆེད་མངག་ཚོགས་པ་སོགས་འདུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་སུ་ཉིས་སྟོང་བཅུ་དྲུག་ལོར་བསྡོམས་པས་ལོག་གཡེམ་སྐྱོན་འཛུགས་དོན་རྐྱེན་ཐེངས་བརྒྱ་དང་ཞེ་ལྔ་བྱུང་བ་དང་། གནོད་ཐེབས་མཁན་བསྡོམས་པས་མི་སུམ་བརྒྱ་དང་བཅུ་ལྷག་ཡོད། དེའི་ནང་མང་ཆེ་བ་ནི་བུད་མེད་དང་བུ་མོ་ཆུང་ཆུང་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།