ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་དབྱེ་སི་ཨ་པའོ་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་རྒྱལ་ཁོངས་བརྒལ་བའི་གནས་སྤོར་སྡོད་དམངས་གནད་དོན་གྱི་དམིགས་བསལ་འཐུས་མིའི་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་དགུའི་ཉིན་ཁཱ་ནཱ་ཏཱ་ནས་ཡོང་བའི་ལུའུ་དབྱེ་སི་ཨ་པའོ་ཡིས་རྒྱལ་ཁོངས་བརྒལ་བའི་གནས་སྤོར་སྡོད་དམངས་གནད་དོན་གྱི་དམིགས་བསལ་འཐུས་མིའི་འགན་ཁུར་རྒྱུ་ཁྱབ་སྒྲོག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་ཧཱ་ཁི་ཡིསི་ཉིན་དེར་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྐོ་འཇོག་གསལ་སྒྲོག་དེ་སྒྲོག་འདོན་བྱས། གསལ་སྒྲོག་ལས་བཤད་རྒྱུར། ལུའུ་དབྱེ་སི་ཨ་པའོ་ཡིས་ཨིར་ལན་ནས་ཡོང་བའི་སཱ་སི་ལན་གྱི་ཚབ་ཏུ་ལས་འགན་དེ་ཁུར་རྒྱུ་རེད་ཟེར། ཀུའུ་ཐི་ལོས་སི་ཡིས་སཱ་སི་ལན་གྱིས་ལོ་ངོ་བཅུ་གཅིག་རིང་ལས་འགན་དེ་ཁུར་ནས་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས།

གསལ་སྒྲོག་ལས་བཤད་རྒྱུར། ལུའུ་དབྱེ་སི་ཨ་པའོ་ཡིས་ན་ནིང་ཟླ་དགུ་བར་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་གནད་དོན་གྱི་མཐོ་རིམ་གྲོས་ཚོགས་ཀྱི་རྗེས་མཐུད་བྱ་བའི་འགན་ཁུར་རྒྱུ་ཡིན་པ་དང་། ཁོངས་གཏོགས་རྒྱལ་ཁབ་སོ་སོའི་བར་མཉམ་ལས་བྱས་ཏེ། བདེ་འཇགས་དང་གོ་རིམ་ལྡན་པ། རྒྱུན་ལྡན་གྱི་གནས་སྤོར་སྡོད་དམངས་ཀྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་གཏན་འབེབས་བྱེད་པར་རོགས་རམ་བྱེད་རྒྱུ་རེད། ཁོ་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་ཁོངས་བརྒལ་བའི་གནས་སྤོར་སྡོད་དམངས་གནད་དོན་ཐད་ཀྱི་འགུལ་སྐྱོད་ལ་སྣེ་ཁྲིད་བྱེད་པ་དང་། སྲིད་ཇུས་གཞི་འདོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་སོ་སོའི་འབྲེལ་ཡོད་བྱ་བར་མཐུན་སྦྱོར་བྱེད་རྒྱུ་རེད།

ལུའུ་དབྱེ་སི་ཨ་པའོ་ད་ལོར་ལོ་བདུན་ཅུ་ཡིན་པ་དང་། རྒྱལ་སྤྱིའི་ལས་དོན་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། སྔོན་ཆད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་འགན་ཁུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་ཆད་ཀྱི་ནན་སི་ལཱ་ཧྥུའུ་གནད་དོན་དང་རུ་ཝང་ཏཱའི་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་དབུ་བཞུགས་ཞིབ་དཔྱོད་དཔོན་པོའི་འགན་ཁུར་མྱོང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།