ཀྲུང་གོ་བོད་ཀྱི་དྲ་བ།

སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་མཐོ་རིམ་གྲོས་མོལ་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཚོགས་ཡུན་ཉིན་གཉིས་ཡིན་པའི་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་མཐོ་རིམ་གྲོས་མོལ་ཧཱ་སག་སི་ཐན་གྱི་ཨ་སི་ཐཱ་ནཱ་ནས་མཇུག་སྒྲིལ།

སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་མ་ཞུགས་པའི་དབང་གིས་ཐེངས་འདིར་གཙོ་བོ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་འགན་སྲུང་རྒྱལ་ཁབ་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་ཕྱོགས་གསུམ་གྱི་འཐུས་མིས་གྲོས་མོལ་བྱས་པ་རེད། གྲོས་མོལ་བྱས་རྗེས། གྲོས་མོལ་ལ་ཞུགས་པའི་ཕྱོགས་ཁག་སོ་སོས་མཉམ་འབྲེལ་གསལ་སྒྲོག་སྤེལ། གསལ་སྒྲོག་ལས་བསྟན་དོན། མིག་སྔར་སི་རི་ཡཱའི་འཁྲུག་རྩོད་མཇུག་སྒྲིལ་བའི་གནད་དོན་གླེང་ན་སྔ་དྲགས་པ་དང་། ཐེངས་འདིའི་ཨ་སི་ཐཱ་ནཱའི་སི་རི་ཡཱའི་གནད་དོན་གྱི་གྲོས་མོལ་ནས་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་གསར་བ་ལོན་མེད་ཀྱང་། དེའི་སྔོན་རི་ནེ་ཝའི་གྲོས་མོལ་ཐེངས་གཉིས་སྤེལ་བ་སོགས་སི་རི་ཡཱའི་མངའ་ཁོངས་སུ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དངོས་འབེབ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་ཟེར།

དེ་ལས་གཞན་ཨུ་རུ་སིའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ལཱ་ཧྥུའུ་ལེན་ཅི་ཡེ་ཧྥུའུ་ཡིས་བསྟན་དོན། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་འགན་སྲུང་རྒྱལ་ཁབ་ཡིན་པའི་ཆ་ནས་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་འཐུས་ཚབ་ཚོགས་པའི་བར་གྱི་གྲོས་མོལ་མུ་མཐུད་དུ་སྤེལ་རྒྱུ་ཡིན། དེ་ལྟར་བྱས་ན་ད་གཟོད་འབྲེལ་ཡོད་གྲོས་གཞིར་ཚད་ཆེན་པོའི་སྒོ་ནས་ཐུན་མོང་གི་ལྟ་ཚུལ་འབྱུང་ཐུབ་པར་ཁག་ཐེག་བྱེད་ཐུབ་ཟེར།

མཉམ་འབྲེལ་གསལ་སྒྲོག་ལྟར་ན། སྐོར་ཐེངས་རྗེས་མའི་སི་རི་ཡཱའི་གནད་དོན་གྱི་ཞི་བའི་གྲོས་མོལ་དེ་ད་ལོའི་ཟླ་ལྔ་བའི་ཚེས་གསུམ་ནས་ཚེས་བཞིའི་བར་ཨ་སི་ཐཱ་ནཱ་ནས་སྤེལ་རྒྱུ་ཡིན་པ་དང་། སི་རི་ཡཱའི་གནད་དོན་གྱི་ཆེད་མཁས་རིམ་པའི་གྲོས་ཚོགས་དེ་ཟླ་བཞི་བའི་ཚེས་བཅོ་བརྒྱད་ནས་ཚེས་བཅུ་དགུའི་བར་ཏི་ཧེ་ལན་ནས་སྤེལ་རྒྱུ་རེད།

ཟླ་ངོ་གཉིས་ཀྱི་དུས་ཚོད་ནང་བསྟུད་མར་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་ཐེངས་གསུམ་ལ་སྤེལ་ཡང་། ཕན་ནུས་ལྡན་པའི་ཡིག་ཆ་གང་ཡང་འགོད་ཐུབ་མེད། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་གྲོས་མོལ་ལ་མ་ཞུགས་པ་ནི་མ་གཞི་ནས་དཀའ་ཁག་མང་བོར་འཕྲད་པའི་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་དེ་ཛ་དྲག་གི་གནས་སུ་ལྷུང་བའི་མཚོན་རྟགས་རེད། ཉམས་ཉེན་བྱུང་ནས་ལོ་ངོ་དྲུག་འགོར་བའི་སི་རི་ཡཱའི་མ་འོངས་པ་དོན་ངོ་མ་ཅི་འདྲ་ཞིག་ཡིན་པ་མིག་སྔར་ད་རུང་གསལ་བོར་ཤེས་ཐབས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།