ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་དཔལ་འབྱོར་བཅོས་བསྒྱུར་གྱི་བཟོད་སྒོམ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་པའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་བཅུ་བདུན་ཉིན་འཇར་མན་གྱི་པཱ་ཏིན་ནས་དུས་སྐབས་གསར་བའི་དཔལ་འབྱོར་སྲིད་ཇུས་བཅོས་བསྒྱུར་གྱི་སྙན་ཞུ་སྟེ་འཕར་སྣོན་བརྩོན་ལེན་བྱེད་པའི་ཉིས་སྟོང་བཅུ་བདུན་ཞེས་པ་ཁྱབ་སྒྲོག་བྱས་ཏེ། བཟོད་སྒོམ་རང་བཞིན་དེ་དཔལ་འབྱོར་བཅོས་བསྒྱུར་གྱི་ཐོག་མའི་སྲིད་ཇུས་དམིགས་འབེན་དུ་བྱེད་དགོས་པའི་གྲོས་གཞི་བཏོན།

སྙན་ཞུ་ལས་བཤད་རྒྱུར། རྒྱལ་ཁབ་སོ་སོའི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་དང་དཔལ་འབྱོར་འཕར་སྣོན་ལ་ཚད་འཇལ་བྱེད་ན་ཆ་སྙོམས་ཡོང་འབབ་དང་ཐོན་སྐྱེད། ལས་ཞུགས་སོགས་སྲོལ་རྒྱུན་གྱི་དམིགས་ཚད་ལ་བལྟ་དགོས་པ་ར་མ་ཟད། བཟོད་སྒོམ་རང་བཞིན་འབུར་དུ་ཐོན་པར་བྱས་ཏེ་འདྲ་མཉམ་མིན་པ་དང་དབུལ་ཕོངས་གནད་དོན། ལས་ཞུགས་ཁ་གྲངས་ཇེ་མང་དུ་གཏོང་བ། ཉག་ཐག་ཚོགས་ཁག་ལས་ཞུགས་བྱེད་དུ་འཇུག་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལི་ཡཱ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། དཔལ་འབྱོར་འཕར་སྣོན་དང་བཟོད་སྒོམ་རང་བཞིན་གྱི་འགྲན་རྩོད་རབ་དང་རིམ་པའི་ཐད་ནས། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མས་ཕྱོགས་ཡོངས་ཀྱི་བཅོས་བསྒྱུར་འཆར་གཞི་ཞིག་མྱུར་དུ་ལག་བསྟར་བྱེད་དགོས་ཟེར།

ཉིས་སྟོང་ལྔ་ལོ་ནས་བཟུང་། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་ལོ་རེར་དཔལ་འབྱོར་སྲིད་ཇུས་བཅོས་བསྒྱུར་གྱི་སྙན་ཞུ་རེ་སྤེལ་ཏེ། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་འབྲེལ་ཡོད་རྒྱལ་ཁབ་ལ་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གྲོས་གཞི་འདོན་སྤྲོད་བྱེད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།