ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་བྱང་ཆིངས་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་ཏེ་མནའ་མཐུན་གྲོགས་པོའི་རྒྱལ་ཁབ་ཀྱིས་རྒྱལ་སྲུང་ཐད་ཀྱི་འགྲོ་སོང་ཇེ་མང་དུ་གཏོང་བར་ཡར་སྐུལ་གཏོང་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་བདུན་ཉིན་བྱང་ཆིངས་རྩ་ཛུགས་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། ཞོར་དུ་འཇར་མན་དང་བཅས་པའི་བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་རྒྱལ་ཁབ་ཀྱིས་རྒྱལ་སྲུང་ཐད་ཀྱི་འགྲོ་སོང་ཇེ་མང་དུ་གཏོང་བར་སྐུལ་མ་གཏོང་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། འདྲ་མཉམ་ཉོ་ཚོང་གི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཐི་ལིང་ཕུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁོས་མའོ་ཁི་ཨར་ལ་རང་ཉིད་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས་པར་མ་ཟད། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་རྒྱལ་ཁབ་དག་གིས་ད་ཡོད་ཀྱི་བྱང་ཆིངས་རྩ་འཛུགས་ཀྱི་འགོག་སྲུང་ཐད་ཀྱི་ནོར་སྲིད་འགན་འཁྲི་ཁུར་དུ་ལེན་དགོས་པའི་སྐུལ་མ་བཏང་ཡོད་ཟེར། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་མནའ་མཐུན་གྲོགས་པོའི་རྒྱལ་ཁབ་མང་བོས་སྔོན་ཆད་དགོས་ངེས་ཀྱི་ནོར་སྲིད་འགན་འཁྲི་ཁུར་དུ་བླངས་མེད་པ་དང་། བྱེད་ཐབས་དེ་ནི་ཨ་མེ་རི་ཁར་མཚོན་ན་ལྷག་ཏུ་འདྲ་མཉམ་མིན་ཟེར།

མའོ་ཁི་ཨར་གྱིས་བསྟན་དོན། འཇར་མན་གྱི་རྒྱལ་སྲུང་ཐད་ཀྱི་འགྲོ་སོང་དེ་ཉིས་སྟོང་བཅུ་དྲུག་ལོར་བརྒྱ་ཆའི་བརྒྱད་འཕར་བ་དང་། འཇར་མན་གྱིས་ཉིས་སྟོང་ཉེར་བཞིའི་ལོར་རྒྱལ་སྲུང་ཐད་ཀྱི་འགྲོ་སོང་གིས་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་ཟིན་པའི་དམིགས་འབེན་དུ་བསླེབ་ཏུ་འཇུག་རྒྱུ་ཁས་ལེན་བྱས་ཡོད་ཟེར།

ཉོ་ཚོང་ཐད་ནས་ཐི་ལིང་ཕུའུ་ཡིས་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པ་དང་། ཁོས་བཏོན་པའི་ཨ་མེ་རི་ཁ་གཙོར་འཛིན་གྱི་སྲིད་འཛིན་འདུ་ཤེས་དེ་ནི་སྒེར་ཚུགས་རིང་ལུགས་མིན་ཟེར། ཁོས་ད་རུང་ཨ་མེ་རི་ཁར་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ཁྲོད་འདྲ་མཉམ་མིན་པའི་ལྟ་སྟངས་བཟུང་ཡོད་པ་དང་། ཉོ་ཚོང་སྲིད་ཇུས་ལས་འདྲ་མཉམ་རང་བཞིན་ལ་ནན་བཤད་བྱེད་དགོས་པའི་ཚུལ་བསྟན། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་འཇར་མན་རྒྱལ་ཁབ་གཉིས་བར་ཉོ་ཚོང་འབྲེལ་བ་བཟང་བོ་ཞིག་ཆགས་པར་རེ་སྒུག་བྱས་ཡོད་ཟེར།

མའོ་ཁི་ཨར་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་མིས་ཕྱི་ཕྱོགས་སུ་གཅིག་གྱུར་གྱི་ཉོ་ཚོང་གྲོས་མོལ་བྱེད་བཞིན་ཡོད་ཟེར། ཁོ་མོས་འདྲ་མཉམ་ཉོ་ཚོང་གི་གལ་ཆེན་རང་བཞིན་ལ་ཁས་ལེན་བྱེད་ཀྱང་། སྒོ་འབྱེད་ཀྱི་བསམ་བློས་འཛམ་གླིང་ཡོངས་ཅན་ལ་ལྟ་སྟངས་ཡང་དག་འཛིན་དགོས་པ་ནན་བཤད་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།