ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཧའོ་མུའུ་སིའི་ཆེས་མཇུག་མཐའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་ཕྱིར་འཐེན་བྱེད་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།སི་རི་ཡཱའི་དབུས་ཕྱོགས་ཀྱི་ཧའོ་མུའུ་སི་གྲོང་ཁྱེར་གྱི་ཆེས་མཇུག་མཐའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ས་དེ་ནས་ཕྱིར་འཐེན་བྱེད་མགོ་བརྩམས་པ་དང་། ཕྱིར་འཐེན་བྱེད་པར་གཟའ་འཁོར་འགའི་དུས་ཚོད་དགོས་པ་རེད།

ཧའོ་མུའུ་སི་ཞིང་ཆེན་གྱི་ཧྲིན་ཀྲང་པཱ་ལཱ་ཙི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་དང་དེའི་ཁྱིམ་མི་བཅས་བསྡོམས་པས་མི་ཁྲི་གཅིག་ཙམ་ཧའོ་མུའུ་སི་གྲོང་ཁྱེར་གྱི་ཝ་དབྱེ་ཨར་ས་ཁུལ་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། དེའི་ནང་མི་སྟོང་གཅིག་དང་ལྔ་བརྒྱ་ཙམ་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཚོད་འཛིན་བྱེད་པའི་ས་ཁུལ་དུ་ཕྱིར་འཐེན་བྱེད་རྒྱུ་རེད་ཟེར།

པཱ་ལཱ་ཙི་ཡིས་བཤད་རྒྱུར། དབང་འཛིན་ལས་ཁུངས་ཀྱིས་ཉིན་དེ་ནས་མགོ་བརྩམས་པའི་ཕྱིར་འཐེན་བྱ་བར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དང་། ཕྱིར་འཐེན་གྱི་བརྒྱུད་རིམ་ཧྲིལ་བོར་ཚོད་དཔག་བྱས་ན་གཟའ་འཁོར་དྲུག་གི་དུས་ཚོད་དགོས་པ་རེད། མིག་སྔར་དབང་འཛིན་ལས་ཁུངས་ཀྱིས་འཆར་གཞི་གཏན་འབེབ་བྱས་ཏེ། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་ཕྱིར་འཐེན་བྱས་ཚར་རྗེས། དེའི་སྔོན་ཝ་དབྱེ་ཨར་ས་ཁུལ་དང་མི་འབྲལ་ཐབས་མེད་བྱུང་བའི་སྡོད་དམངས་དག་ཕྱིར་ཕ་ཡུལ་དུ་ལོག་པར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཧའོ་མུའུ་སི་ནི་སི་རི་ཡཱའི་འཁྲུག་རྩོད་བྱུང་བ་ཆེས་སྔ་བའི་ས་ཁུལ་ཞིག་ཡིན་པ་དང་། སྔོན་ཆད་སི་རི་ཡཱའི་བཟོ་ལས་ལྟེ་བ་དང་གྲོང་ཁྱེར་ཆེན་པོ་ཨང་གསུམ་པ་ཡིན། ཉེ་བའི་ལོ་གཉིས་ཀྱི་རིང་། ཝ་དབྱེ་ཨར་ས་ཁུལ་ནི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པའི་ཧའོ་མུའུ་སི་ཡི་མཇུག་མཐའི་སྡོད་གནས་ཡིན་པ་རེད། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གིས་བཀོད་པའི་གྲོས་མཐུན་ལྟར། ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་ལ་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་མི་སྣ་སྐོར་ཞིག་ཝ་དབྱེ་ཨར་ས་ཁུལ་ནས་ཕྱིར་འཐེན་བྱས་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།