ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཏཱ་མཱ་ཧྲི་ཀིའི་ཤར་འདབས་ས་ཁུལ་ནས་འཁྲུག་རྩོད་དྲག་པོ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚེས་བཅུ་དགུའི་ཉིན་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཤར་འདབས་ས་ཁུལ་ནས་གྲོང་ཁྱེར་ནང་ཁུལ་དུ་དཔུང་འཇུག་བྱེད་རྩིས་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱུང་བ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་མཐར་སྐྲོད་བཏང་ཡོད་ཟེར།

བསྒྲགས་པ་ལྟར་ན། ཏཱ་མཱ་ཧྲི་ཀིའི་ཤར་འདབས་ས་ཁུལ་དུ་འགུལ་སྐྱོད་བྱེད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཉིན་དེར་གྲོང་ཁྱེར་ནང་ཁུལ་ལ་དཔུང་འཇུག་བྱས་པ་དང་། དྲག་ཆས་ཉེས་ཅན་གྱིས་ཐོག་མར་ཤར་འདབས་ཀྱི་ཀྲུའུ་པཱ་ཨར་ས་ཁུལ་དུ་ཡོད་པའི་སྲིད་གཞུང་དམག་དཔུང་གི་སྡོད་སའི་ཉེ་འདབས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོས་པ་རེད་ཟེར།

འཁྲུག་རྩོད་དེ་ཉིན་དེའི་ཞོགས་པ་ནས་དགོང་མོའི་བར་རྒྱུན་བསྲིངས་པ་དང་། གྲོང་ཁུལ་ནས་ཀྱང་སྒྱོགས་མདེལ་གྱི་སྒྲ་ཐོས་ཐུབ། བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་ཀྲུའུ་པཱ་ཨར་ཉེ་འདབས་ས་ཁུལ་དུ་དམག་ཤུགས་ཁ་སྣོན་བྱས་ཏེ། གཞུང་ལམ་གཙོ་བོ་དག་བཀག་སྡོམ་བྱས་ཡོད་ཟེར།

སྤྱི་ཁྱབ་པུའུ་དབྱིན་ཇིའི་ལོན་ཏོན་དུ་ཡོད་པའི་སི་རི་ཡཱའི་འགྲོ་མིའི་ཐོབ་ཐང་ལྟ་ཞིབ་ཚན་ཆུང་གིས་བཤད་རྒྱུར། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་ཏཱ་མཱ་ཧྲི་ཀིའི་ས་ཁུལ་མང་བོར་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་ཀྲུའུ་པཱ་ཨར་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་པ་རེད་ཟེར།

བསྒྲགས་པ་ལྟར་ན། སྲིད་གཞུང་དམག་དཔུང་གིས་གྲོང་ཁུལ་དུ་དཔུང་འཇུག་བྱེད་རྩིས་ཡོད་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་མཐར་སྐྲོད་བཏང་བ་དང་། དྲག་ཆས་ཉེས་ཅན་རེ་འགའ་བསད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།