ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་སྲིད་གཞུང་དམག་དཔུང་ཧི་ཨར་མན་ཏི་ཞིང་ཆེན་གྱི་སིང་ཅིན་ནས་ཕྱིར་འཐེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་གྱི་གྲོས་ཁང་གི་གྲོས་མི་ཧྲ་ཅི་ཨར་གྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཐཱ་ལེ་པན་དྲག་ཆས་པའི་གནོན་ཤུགས་དབང་གིས་ཨ་ཧྥུའུ་ཧན་སྲིད་གཞུང་དམག་དཔུང་ཞིང་ཆེན་དེའི་འཐབ་ཇུས་གནད་ས་སིང་ཅིན་ས་ཁུལ་ནས་ཕྱིར་འཐེན་བྱས་ཟེར།

ཧྲ་ཅི་ཨར་གྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་པའི་གནོན་ཤུགས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པའི་དབང་གིས་སྲིད་གཞུང་དམག་དཔུང་ཉིན་དེའི་ཞོགས་པར་སིང་ཅིན་ནས་ཕྱིར་འཐེན་བྱས་པ་དང་། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་དག་གིས་དེའི་རྗེས་སུ་སིང་ཅིན་གྱི་ས་ཁུལ་གཙོ་བོ་བདག་གིར་བཟུང་བ་རེད་ཟེར།

སིང་ཅིན་ས་ཁུལ་གྱི་གྲོས་ཁང་གི་གྲོས་དཔོན་མུས་ལཱ་ཅཱ་ཡིས་ཉིན་དེར་གནས་ཚུལ་དེ་བདེན་དཔང་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་སིང་ཅིན་གྱི་ས་ཁུལ་གཙོ་བོར་འགས་གཏོར་བཏང་ཡོད་ལ། དམིགས་ཡུལ་ནི་ཐཱ་ལེ་པན་ལ་བཀོལ་སྤྱོད་བྱས་ཆོག་པའི་དངོས་རྫས་མི་བསྐྱུར་བའི་ཆེད་རེད་ཟེར།

ཐཱ་ལེ་པན་གྱི་མགྲིན་ཚབ་པ་ཞིག་གིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐཱ་ལེ་པན་གྱི་དྲག་ཆས་པས་ཉིན་དེའི་ཞོགས་པར་སིང་ཅིན་འཕྲོག་ལེན་བྱས་པར་མ་ཟད། ས་ཁུལ་དེའི་ཚོད་འཛིན་ནུས་པ་སྲ་བརྟན་དུ་གཏོང་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།